དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་དུ་ཐོར་བཀོད་པའི་འདབ་ཆགས་རིགས་532ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-29

    ཉེ་ཆར། གསར་འགོད་པར་མཚོ་སྔོན་ཞིང་ཆེན་ནགས་ལས་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར། ད་ལོའི་འདབ་ཆགས་་སྲུང་སྐྱོང་གི་བྱེད་སྒོ་དང་ཁྲིམས་འགལ་ངང་འདབ་ཆགས་རྔོན་འཚོང་བྱེད་པར་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་ཚུན། ཞིང་ཆེན་དེས་བསྡོམས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་དང་འབྲེལ་བ་ཡོད་པའི་སྲིད་འཛིན་གྱོད་གཞི་24ཞིབ་བཤེར་ཐག་གཅོད་བྱས་པ་དང་། བཙོངས་པའི་རི་སྐྱེས་འདབ་ཆགས་38རྩད་ཆོད་པ། རི་སྐྱེས་སྲོག་ཆགས་དང་འབྲེལ་བའི་ཐོན་རྫས་ཀྱི་ཉེས་དོན་གྱོད་གཞི་གཅིག་རྩད་ཆོད་པ། རིགས་ཁག་གི་རི་སྐྱེས་སྲོག་ཆགས་185སྐྱོབ་རོགས་བྱས་པ་རེད།

    ད་ལོ་ཚུན་དུ་ཞིང་ཆེན་དེའི་ས་གནས་ཁག་གིས་ནགས(རྩྭ)དཔོན་ལམ་ལུགས་ལ་བརྟེན་ཏེ། སྐྱེ་ཁམས་ནགས་སྲུང་བའི་མཉམ་འགོག་མཉམ་འཛིན་གྱི་ལྟ་འདོམས་སྐོར་སྲུང་འགན་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། རི་བོའི་སྟེང་གི་རྒྱ་རྙི་གཙང་སེལ་བྱེད་པའི་སྐོར་ཞིབ་བྱེད་སྒོ་ཕྱོགས་ཡོངས་ནས་སྤེལ་ནས་གཙོ་བོ་དུས་བྱ་གནས་སྤོའི་ལམ་དང་། ཁྱུ་ཚོགས་ཀྱི་འགུལ་སྐྱོད་ཁུལ། འདབ་ཆགས་ཐོན་མང་སའི་ས་ཁོངས་བཅས་སུ“རྒྱ་རྙི་བཤིགས་ནས་འདབ་ཆགས་ལ་སྲུང་སྐྱོང”བྱེད་པའི་ཆེད་དོན་བཅོས་སྒྲིག་བྱས་ཏེ། རྒྱ་རྙི་བཙུགས་ནས་འདབ་ཆགས་འཛིན་པ་སོགས་འདབ་ཆགས་གང་བྱུང་དུ་འཛིན་པ་དང་རྔོན་པའི་བྱེད་སྤྱོད་ཕྱོགས་ཡོངས་ནས་བཀག་པ་རེད། བྱ་སྤྱོད་སྤེལ་རིང་དྲ་ཐོག་ནས་རི་སྐྱེས་སྲོག་ཆགས་དང་འབྲེལ་བའི་ཆ་འཕྲིན་ཁྲི་1.1ལྷག་ཙམ་དང་། དྲ་རྒྱའི་ཚོང་ཁང་ཐེངས་གྲངས་50851 སྙན་སྒྲོན་པ་གཙོ་བོ་1616བཅས་ལ་ལྟ་ཞིབ་ཚད་ལེན་བྱས་པ་དང་། རི་སྐྱེས་སྲོག་ཆགས་དང་འབྲེལ་བའི་ཆ་འཕྲིན་10ཐག་གཅོད་བྱས་པ། རི་སྐྱེས་སྲོག་ཆགས་དང་འབྲེལ་བའི་སྤྱི་ཚོགས་བརྟན་ལྷིང་ལ་ཤུགས་རྐྱེན་ཐེབས་པའི་ཆ་འཕྲིན་10ཐག་གཅོད་བྱེད་པར་སྐུལ་འདེད་བཏང་བ་རེད། སྦྲག་སྲིད་མྱུར་སྐྱེལ་ལ་སྲིད་འཛིན་ཆད་གཅོད་ཐེངས་147བྱས་པ་དང་། བསྐོང་འདྲིའི་བསླབ་བྱ་ཐེངས་35བྱས་པ། ཡོ་བསྲང་བྱེད་དགོས་པའི་བཀའ་རྒྱ་ཐེངས་147བཏང་བ། དངུལ་ཆད་སྒོར་ཁྲི་58.93བཏང་བ་བཅས་ལས་ཁྲིམས་བསྟར་གྱི་ཕན་འབྲས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།

    གཞན་ཡང་ཉེ་བའི་ལོ་ཤས་རིང་གི་ཞིབ་བཤེར་ཐག་གཅོད་བྱས་པའི་གྱོད་གཞིའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཞིང་ཆེན་ནགས་ཚལ་རྩྭ་ཐང་ཅུས་ཀྱིས་མཚོ་སྔོན་གྱི་གཅེས་ཉར་འདབ་ཆགས་རིགས་ཁྲིམས་མཐུན་གསོ་ཚགས་ཀྱི་དྲང་ལྡོག་གཉིས་ཀྱི་གསལ་ཐོ་དང་འབྲེལ་ཡོད་དོ་སྣང་བྱེད་དགོས་པའི་དོན་ཚན་ཁྱབ་བསྒྲགས་བྱས་པའི་ནང་འདབ་ཆགས་རིགས་10(ངོ་རྟགས་ཡོད་པའི་ནེ་ཙོའི་རིགས་4ཚུད་པ)མཚོ་སྔོན་དུ་གཅེས་ཉར་གསོ་ཚགས་བྱེད་ཆོག་པ་དང་། འདབ་ཆགས་གཞན་དག་ཚང་མ་གསོ་མི་ཆོག་པའི་མིང་ཐོར་བཅུག་ཡོད།

    སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་བརྒྱུད་འདབ་ཆགས་ཀྱི་ཁྱུ་ཚོགས་རིམ་བཞིན་སླར་གསོ་བྱུང་ནས་མིག་སྔར་མཚོ་སྔོན་ཞིང་ཆེན་དུ་ཐོར་བཀོད་པའི་འདབ་ཆགས་རིགས་532ཟིན་པ་དང་མཚོ་སྔོན་པོའི་སྲུང་སྐྱོང་ཁུལ་དུ་ལྟ་ཞིབ་ཐོ་འགོད་བྱས་པའི་འདབ་ཆགས་རིགས་282བར་མང་དུ་ཕྱིན་པའི་ནང་ཆུ་བྱའི་རིགས་102ཡོད་པ་རེད། ཁྲུང་ཁྲུང་སྐེ་ནག་ནི་ས་མཐོའི་འདམ་རའི་སྐྱེ་ཁམས་མ་ལག་གི་བདུན་བདར་དངོས་རིགས་གཙོ་བོ་ཞིག་ཡིན་ཞིང་། དེའི་གྲངས་འབོར་ལོ་10གོང་གི་1200ལྷག་ཙམ་ནས་2616བར་མང་དུ་ཕྱིན་ཡོད་པ་རེད། ངང་པ་ཆེན་པོའི་ཁྱུ་ཚོགས་ཀྱི་གྲངས་འབོར་གཞི་རྩའི་ཆར་1300ནས་1400ཡས་མས་སུ་བརྟན་པོ་བྱུང་ཡོད། ཟི་ལིང་ཙོང་ཆུའི་རྒྱལ་ཁབ་འདམ་རའི་སྤྱི་གླིང་དུ་རི་སྐྱེས་འདབ་ཆགས་རིགས་150ལྷག་ཙམ་ཐོར་བཀོད་པ་དང་། ཉེ་ཆར་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་རི་སྐྱེས་སྲུང་སྐྱོབ་སྲོག་ཆགས་བྱ་རྒོད་ཐང་ནག་དང་ཀྲུང་ཧྭའི་བྱ་གག་སོགས་རྩ་ཆེའི་འདབ་ཆགས་ཐོར་བཀོད་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།