དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གྲངས་འཛིན་ཐོན་ལས་ཡར་ངོའི་ཟླ་ལྟར་འཕེལ། ལྗང་མདོག་ཐོན་ལས་ལམ་བུར་གསོན་ཤུགས་རྒྱས།

    རང་ལྗོངས་ཀྱིས་ལྗང་མདོག་བཟོ་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-29

    འདི་ནི་ལྷ་ས་གྲོང་ཁྱེར་བཙོག་ཆུ་གཙང་གསིང་བཟོ་གྲྭ་ཡིན་པ།

    ལྷ་ས་གྲོང་ཁྱེར་སྟག་རྩེའི་བཟོ་ལས་གླིང་དུ་ལག་རྩལ་པ་བཀྲ་ཤིས་དོན་གྲུབ་ཀྱིས་ཙིག་རྟགས་མནན་ཙམ་བྱས་པ་ན། རིག་ལྡན་བརྙན་ཤེལ་ཆེན་པོའི་ངོས་སུ་དེ་མ་ཉིད་དུ་ནུས་རྒྱུ་ཟད་གྲོན་གྱི་གྲངས་གཞི་འཆར་ཞིང་། “སྔོན་ཆད་མིའི་རྩོལ་བར་བརྟེན་དགོས་ཀྱང་། ད་ཆ་གྲངས་གཞིར་བརྟེན་ནས་ལས་ཀ་བྱེད་ཀྱི་ཡོད། ཟོག་འབྲེལ་དྲ་རྒྱའི་ལག་རྩལ་ལ་བརྟེན་ནས་གླིང་ཁུལ་གྱི་རྩིས་གཞིའི་ཐོན་སྐྱེད་རིན་ཐང་གི་ནུས་རྒྱུ་ཟད་གྲོན་སྲོལ་རྒྱུན་གྱི་བྱེད་སྟངས་དང་བསྡུར་ན་34%ཆག་ནས། གྲངས་འཛིན་ཅན་གྱི་བྱེད་ཐབས་ཀྱིས་ལྗང་མདོག་ཐོན་ལས་འཕེལ་རྒྱས་གཏོང་བར་མཐུན་རྐྱེན་སྦྱོར་བ་ནི་བོད་ཀྱིས་ལྗང་མདོག་བཟོ་ལས་སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་འདེད་གཏོང་བའི་འགག་རྩའི་བྱ་ཐབས་ཤིག་ཏུ་གྱུར་ཡོད”ཅེས་བཀྲ་ཤིས་དོན་གྲུབ་ཀྱིས་བཤད།

    རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བློ་བརྟན་འགྱུར་མེད་ངང་བོད་ཀྱི་དོན་དངོས་དང་འཚམ་པའི་བཟོ་ལས་ཅན་གྱི་འགྲོ་ལམ་གསར་པར་བསྐྱོད་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ། རང་ལྗོངས་ཀྱི་བཟོ་ལས་དཔལ་འབྱོར་ལ་བརྟན་ཐོག་ལེགས་འཕེལ་དང་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་མངོན་ནས་གཞི་ཁྱོན་ཆེར་སྐྱེད་དང་། གྲུབ་ཆ་རིམ་སྤོར། བཀོད་པ་ལེགས་གཏོང་། བྱེད་པོ་གཙོ་བོ་སྐྱེད་སྲིང་། ལྗང་མདོག་ཅན་དང་གྲངས་འཛིན་ཅན་ལ་ཕྱོགས་སྒྱུར། སྲིད་ཇུས་འཐུས་ཚང་སོགས་ཐད་འཕེལ་རྒྱས་ཆེན་པོ་བྱུང་སྟེ། བཟོ་ལས་ཅན་གསར་པར་ཕྱོགས་པའི་གོམ་སྟབས་བརྟན་པོ་སྤོས་ཡོད།

    སྲིད་ཇུས་དང་མ་དངུལ་གཉིས་ཀར་བརྟེན་ནས་བཟོ་ལས་ལྗང་མདོག་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་བཏང་བ།

    གྲངས་གཞི་ནི་དཔང་རྟགས་ཡག་ཤོས་ཤིག་རེད། “ལོ་ལྔ་ཚན་བཅུ་བཞི་པར”ཕྱིར་མིག་བལྟས་ཚེ། རང་ལྗོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་འཕར་ཚད་རྒྱུན་མཐུད་མདུན་གྲལ་དུ་སླེབས་པ་སྟེ། 2021ལོ་ནས་2024ལོའི་བར་དུས་མཚུངས་ལས་འཕར་ཚད་12.9%དང་། 13.0% 8.7% 18.3%བཅས་སོ་སོར་ཟིན་པ་དང་། 2025ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར། དུས་མཚུངས་ལས་12.1%འཕར་ཏེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་མུ་མཐུད་སླེབས་ཡོད།

    འཕར་བའི་མྱུར་ཚད་མགྱོགས་པ་དང་ཆབས་ཅིག་ལྗོངས་ཡོངས་ཀྱི་དཔལ་འབྱོར་ཁྱབ་ཁོངས་སུ་བཟོ་ལས་ཀྱི་གནས་བབ་ཀྱང་ཇེ་མཐོར་ཕྱིན་ཡོད། བཟོ་ལས་ཀྱི་འཕར་ཐང་ཡོངས་ཀྱིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད་དེ་2021ལོའི་9.1%ནས་2024ལོའི་14.9%བར་མཐོ་རུ་ཕྱིན་ཏེ། བཟོ་ལས་དེ་སྔའི“གནས་བབ་ཕལ་པ”ནས་ས་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་གནས་བབ་གཙོ་བོར་བརྟན་པོར་སླེབས་ཡོད།

    སྒུལ་ནུས་འདི་ལྟ་བུ་ཇི་ལྟར་བྱུང་བ་ཡིན་ནམ་ཞེ་ན། དེ་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་སྣེ་ཁྲིད་དང་མ་ལག་ཅན་གྱི་འདེགས་སྐྱོར་ལས་བྱུང་བ་ཞིག་རེད།

    ཀྲུང་དབྱང་གིས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ་བྱེད་ཤུགས་ཆེ་རུ་གཏོང་བར་བཀོད་སྒྲིག་ཁ་གསལ་བྱས་པ་མ་ཟད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས“མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གང་མགྱོགས་བྱེད་པར”དམ་པོར་དམིགས་ཏེ་ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་ཡོང་བར་སྐུལ་འདེད་བཏང་ཡོད། དེ་རྩ་གནད་དུ་བཟུང་ནས《རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་རབ་དང་རིམ་པ་སྔ་རྗེས་སུ་བཏོན་ཏེ། ས་ཁོངས་ཧྲིལ་པོར་ཁྱབ་ཅིང་ཁོང་གཏོགས་ཚགས་ཚུད་ཀྱི་སྐྱེ་ཁམས་ཁྲིམས་སྐྱོང་མ་ལག་ཅིག་བཙུགས་ནས་ཐོན་ལས་འཕེལ་རྒྱས་གཏོང་བར་བརྒལ་མི་ཆོག་པའི“ལྗང་མདོག་ཚད་གཞིའི”དབྱེ་མཚམས་བཟོས་ཡོད།

    “ལྗང་མདོག་ཚད་གཞིའི”ཁྲིད་སྟོན་ལ་བརྟེན་ནས་མ་དངུལ་རྒྱུན་ཆད་མེད་པར་ལྗང་མདོག་བཟོ་ལས་ལ་བཏང་ཡོད། ལྗོངས་ཡོངས་ཀྱིས་ལྗང་མདོག་བཟོ་ལས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་2021ལོའི་སྒོར་དུང་ཕྱུར་103.3ནས་2024ལོའི་སྒོར་དུང་ཕྱུར་161.73བར་འཕར་ཞིང་། 2025ལོར་སྒོར་དུང་ཕྱུར་232ཙམ་ལེགས་གྲུབ་ཐུབ་ནས་ཐོན་ལས་རིམ་སྤོར་ལ་ཐད་ཀར་ཕན་འདོགས་པའི“འདེགས་སྐྱོར་ནུས་ལྡན”ཞིག་ཏུ་འགྱུར་རྒྱུ་རེད། དེ་དང་ཆབས་ཅིག རང་སྐྱོང་ལྗོངས་ཀྱིས་ཚད་གཞི་མཐོ་པོས་བཟོ་ལས་ཅན་གསར་པར་སྐུལ་འདེད་བཏང་སྟེ། 《“ལོ་ལྔ་ཚན་བཅུ་བཞི་པའི”རིང་བཟོ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་འཆར་འགོད》སོགས་ཡིག་ཆ་རབ་དང་རིམ་པ་བཏོན་པ་མ་ཟད། ཁེ་ལས་འབྲིང་ཆུང་འཕེལ་རྒྱས་གཏོང་བའི་ཆེད་དོན་མ་དངུལ་སོགས་ཀྱི་ཐབས་ལམ་བརྒྱུད། 2020ལོ་ཚུན་དུ་རྣམ་གྲངས་671ལ་རྒྱབ་སྐྱོར་བྱས་པ་དང་མ་དངུལ་སྒོར་དུང་ཕྱུར་6.4ལྷག་ཙམ་བཏང་བ་མ་ཟད། 2023ལོ་དང་2024ལོར་ས་མཐོའི་ཁྱད་ལྡན་ཐོན་ལས་ཀྱི་གློག་སྤྱོད་ཁ་གསབ་སྒོར་ཁྲི་9410.9དོན་འཁྱོལ་བྱས་ནས་ཁེ་ལས་ཕྱོགས་སྒྱུར་རིམ་སྤོར་གྱི་ཁུར་པོ་ཡང་དུ་གཏོང་བར་མཐུན་རྐྱེན་ཏན་ཏིག་བསྐྲུན་ཡོད།

    ཁྱད་ལྡན་ཐོན་ལས་མ་ལག་ཅན་དུ་གྱུར་ནས་སྐྱེ་ཁམས་སྲུང་སྐྱོང་དང་བཟོ་ལས་འཕར་སྣོན་གཉིས་ཀ་བྱུང་བ།

    བཟོ་ལས་ཅན་གསར་པར་སྐུལ་འདེད་གཏོང་བའི་ཐད། བོད་ལ་སྲིད་ཇུས་ཀྱི་ལེགས་ཆ་དང་། ཐོན་ཁུངས་ཀྱི་ལེགས་ཆ། ས་བབ་ཀྱི་ལེགས་ཆ། གཏིང་ཤུགས་ཀྱི་ལེགས་ཆ་སོགས་ལྡན་པས། རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པོ་དེ་དག་སྔོག་འདོན་དང་བེད་སྤྱོད་ཡག་པོ་བྱས་ནས་ལེགས་ཆ་རབ་དང་རིམ་པ་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་ཏན་ཏིག་འགྱུར་བར་བྱས་ཚུལ་ལ་བོད་ཀྱིས་ལན་གསལ་པོ་ཞིག་བརྒྱབ་ཡོད།

    ད་ཆ་ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གྲི་གུ་རྩྭ་ཐང་དུ་རླུང་འཁོར་ཆེན་པོའི་སྒྲོ་གཤོག་ལྷགས་ཕྱོགས་དང་བསྟུན་ནས་འཁོར་བཞིན་ཡོད་པ་དང་། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཁོངས་སུ་ཡུག་འབྲེལ་འོད་ཤུགས་ཤེལ་ལེབ་ལས་འོད་ཆེམ་ཆེམ་འཕྲོ་ལ། གཏེར་རིར་སྔོ་འགྱུར་སླར་གསོ་བྱུང་བ་ནས་དྭངས་གཙང་འཐུང་ཆུའི་ཐོན་ནུས་ཇུས་འགོད་རྒྱ་སྐྱེད་སོགས་བར་ལྗང་མདོག་ནུས་རྒྱུའི་ལེགས་ཆ་དེ་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེགས་ཆར་གང་མགྱོགས་བསྒྱུར་ནས་གཏེར་འདོན་དང་ཨར་ལས་རྒྱུ་ཆ་སོགས་སྲོལ་རྒྱུན་ཐོན་ལས་ཀྱིས་གཙོ་བོར་བྱས་པ་དང་། ཞིང་འབྲོག་ལས་ཀྱི་ཐོན་རྫས་ལས་སྣོན་དང་། ཀྲུང་ལུགས་དང་བོད་ལུགས་གསོ་རིག དྭངས་གཙང་འཐུང་ཆུ། མི་རིགས་ལག་ཤེས་བཟོ་ལས་སོགས་ཁྱད་ལྡན་ཐོན་ལས་ཀྱིས་འདེགས་སྐྱོར་དུ་བྱས་པའི་ནུས་རྒྱུ་གཙང་མ་དང་། གསོ་རླུང་། བྱེད་ནུས་མང་བའི་ས་མཐོའི་ཐབ་ཆས་སོགས་གསར་དར་ཐོན་ལས་འཕེལ་རྒྱས་མྱུར་པོ་འགྲོ་བཞིན་པའི་ས་མཐོའི་ཁྱད་ལྡན་བཟོ་ལས་མ་ལག་ཅིག་རིམ་པས་ཆགས་བཞིན་ཡོད།

    ཉིང་ཁྲི་གྲོང་ཁྱེར་གྱི་དྭངས་གཙང་འཐུང་ཆུ་ཐོན་སྐྱེད་འཁོར་ཁང་དུ་སྐྱོད་སྐབས། འཁྱགས་རོམ་གྱི་ཆུར་འཚག་རྒྱག་པ་དང་། འགྱིག་དམ་ནང་བླུག་པ། ཞིབ་དཔྱད་ཚད་ལེན་བྱེད་པ་སོགས་ལས་རིམ་མང་པོ་བརྒྱུད། འཐུང་ཆུ་གཙང་མ་འགྱིག་དམ་རེ་རེའི་ནང་བླུག་བཞིན་པ་མིག་ལམ་དུ་མངོན། མིག་སྔར། བོད་དུ་ལྗང་མདོག་གི་ཐོན་སྐྱེད་བརྒྱུད་རིམ་60ལྷག་ཙམ་བསྐྲུན་ཟིན་པ་དང་ཇུས་འགོད་ཐོན་ནུས་ཏུན་ཁྲི་500ལྷག་ཙམ་ཟིན་ནས་ཐོན་སྐྱེད་བརྒྱུད་རིམ་ནང་ཆུའི་ཐོན་ཁུངས་འཁོར་སྐྱོད་བེད་སྤྱོད་དང་སྦགས་བཙོག་མེད་པར་འབུད་ཐུབ་པ་བྱུང་ཡོད།

    ད་ཆ། རང་ལྗོངས་ཀྱི་བཟོ་ལས་ལ“ལྟེ་བས་སྣེ་ཁྲིད་དང་ཕྱོགས་མང་པོ་ནས་ཤུགས་རྒྱག་པའི”བཟོ་ལས་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཆགས་ཡོད། ལྷ་ས་ལྟེ་བའི་འཕར་གཞིར་བྱེད་པ་དང་། ཆབ་མདོ་དང་། གཞིས་རྩེ། ལྷོ་ཁ། ཉིང་ཁྲི་སོགས་ས་གནས་ཁག་གིས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་བས། བོད་དང་མཚོ་སྔོན་གྱི་བཟོ་ལས་གླིང་ཐོན་ལས་རུབ་འདུས་ཀྱི་མཐོ་སར་གྱུར་པ་དང་། ལྗོངས་ཡོངས་ཀྱི་བཟོ་ལས་ཁེ་ལས་4116ནས་རྒྱལ་ཁབ་རིམ་པའི“ལྗང་མདོག་བཟོ་གྲྭ”17དང་རང་སྐྱོང་ལྗོངས་རིམ་པའི“ལྗང་མདོག་བཟོ་གྲྭ”51ས་མཐོའི་བཟོ་ལས་ལྗང་མདོག་ཕྱོགས་སྒྱུར་གྱི་ཚད་ཤིང་དུ་གྱུར་པ་མ་ཟད། ཆེད་ཞིབ་ཁྱད་གསར་བཞི་ལྡན་དང་མཐོ་གསར་ལག་རྩལ་གྱི་ཁེ་ལས་དཔུང་ཁག་མུ་མཐུད་སྟོབས་ཆེར་ཕྱིན་ནས་ས་མཐོའི་ལྗང་མདོག་བཟོ་ལས་ཀྱི་རྒྱ་སྟོབས་ཇེ་ཆེར་འགྲོ་བཞིན་ཡོད།

    ཚན་རྩལ་གྱིས་མཐུན་རྐྱེན་བསྐྲུན་ནས་ཕྱོགས་སྒྱུར་ལ་སྐུལ་འདེད་བཏང་བས་སྐྱེ་ཁམས་དང་དམངས་འཚོ་གཉིས་ཀར་ཕན་པ་ཐོབ་པ།

    ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་ལྗང་མདོག་གི་གཞི་རྩ་བརྟན་དུ་གཏོང་བའི་རྨང་གཞིའི་ཐོག་བོད་ཀྱིས་ཚན་རྩལ་གསར་གཏོད་དེ་སྔར་བས་སྒུལ་ཤུགས་སུ་བྱས་ནས་བཟོ་ལས་ཕྱོགས་སྒྱུར་གྱི་གྲུབ་འབྲས་དེ་ཐོན་སྐྱེད་ཀྱི་སྣེ་མོ་ནས་དམངས་འཚོ་དང་སྐྱེ་ཁམས་ཀྱི་སྣེ་མོའི་བར་སྣུར་སྲིང་བྱས་པས། “ཐོན་ལས་ཀྱི་ཕན་འབྲས་ཆེ་བ་དང་། དམངས་འཚོའི་སྤུས་ཚད་ལེགས་པ། སྐྱེ་ཁམས་ལེགས་པ”བཅས་ཀྱི་ཚད་བརྒལ་མང་པོ་བྱུང་ཡོད།

    ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་གི་རྒན་མོ་བག་སྒོར་གྱི་ལག་པ་གཡས་པ་རྨས་ཡོད་པས། སྔོན་མའི་དབུགས་རྡིག་བེད་སྤྱོད་བྱེད་པར་དཀའ་ལས་ཁག་པོ་ཡོད། ད་ཆ། ས་མཐོའི་ཐབ་ཆས་གསར་པ་ཁེབས་གཅོད་རྒྱག་བདེ་བ་མ་ཟད། ཚགས་ཤ་ཆུ་ཚོད་ཕྱེད་ཀའི་ནང་འཚོས་ཀྱི་ཡོད། “དབུཌ་རྡིག་འདི་ཧ་ཅང་ཡག་པོ་འདུག”ཅེས་ཁོང་གིས་བཤད།

    དབུགས་རྡིག་སྤྱོད་བདེ་རུ་ཕྱིན་པ་དེ་ཚན་རྩལ་གྱིས་འདེགས་སྐྱོར་བྱས་པའི“ཐབ་ཆས་གསར་བརྗེ”དང་ཁ་འབྲལ་ཐབས་མེད། “ཆུང་ལ་མཛེས་པའི”དམངས་འཚོའི་འདུ་འགོད་དེ་དག་གིས་ས་མཐོའི་འཚོ་བའི་ཁྱད་ཆོས་དང་སྣ་མང་དགོས་མཁོར་དམིགས་ཏེ། མང་ཚོགས་དཀྱུས་མའི་འཚོ་བའི་དཀའ་གནད་དེ་ཐོན་ལས་གསར་གཏོད་ཀྱི་འགོ་འཛུགས་སར་བྱས་ཡོད།

    མིག་སྔར། བོད་ཀྱིས་ཆེད་སྤྱོད་ཐོན་རྫས་རིགས་30ལྷག་ཙམ་ཞིབ་འཇུག་གསར་སྤེལ་བྱས་པར་ཁེ་བེད་བདག་ཐོབ་ཁག་18ཐོབ་པ་དང་། རིམ་རྩིས་བརྒྱབ་ན་ས་མཐོའི་ཐབ་ཆས་ཁྲི་125བཙོངས་པར་ཕྱིར་ཚོང་ཡོང་འབབ་སྒོར་དུང་ཕྱུར་5.1བྱུང་ཡོད་པ་རེད།

    ཚན་རྩལ་གྱིས་ས་མཐོའི“སྐྱེ་ཁམས་རིན་ཐང”ལ་གོ་དོན་གསར་པ་ཞིག་བཞག་ཡོད། ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་བཟོ་ལས་གླིང་དུ་རིག་ནུས་ཅན་གྱི“སྐྱེ་ཁམས་དོ་དམ་པའི”ཁོངས་གཏོགས་ཀྱིས་མཁའ་རླུང་སྤུས་ཚད་ལྟ་བཤེར་ས་ཚིགས་ཆུང་ཆུང་12བཙུགས་ཏེ། དུས་ཐོག་ཏུ་སྦགས་བཙོག་སྔོན་བརྡ་བཏང་ནས་ཁེ་ལས་27ལ་ཐོན་སྐྱེད་གཙང་མའི་སྒྱུར་བཀོད་ལེགས་གྲུབ་ཡོང་བར་ཁྲིད་སྟོན་བྱས་པ་དང་། “སྟག་རྩེའི་ཁེ་ལས་ཞབས་ཞུའི་སྤྲིན་ཚོམ”ལས་སྟེགས་ཀྱིས་ཁེ་ལས་དང་འབྲེལ་བ་ཡོད་པའི་ཞབས་ཞུ་ཁག་43བསྡུ་སྒྲིལ་བྱས་ནས་བསྒྲུབས་ཏེ་ཁེ་ལས་ཀྱི་ལས་སྒྲུབ་རྒྱུ་ཆ་60%ཡན་ཁུ་བསྡུ་བྱས་ཡོད། བོད་དང་མཚོ་སྔོན་གྱི་བཟོ་ལས་གླིང་གིས་མཚོ་སྔོན་གྱི་གོར་མོར་ཏུན་ཁྲི་40ཟིན་པའི་གློག་འབྱེད་ཟངས་ཀྱི་རྣམ་གྲངས་བསྐྲུན་ནས་སྔོན་ཐོན་གྱི་བཟོ་རྩལ་སྤྱད་པས། རྣམ་གྲངས་སྤྱོད་འགོ་ཚུགས་རྗེས་སྔོན་དཔག་བྱས་ན་ལོ་རེར་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་186ཟིན་རྒྱུ་མ་ཟད། ལས་ཞུགས་ལས་གནས་2000ལྷག་ཙམ་མཁོ་འདོན་ཐུབ་ནས་ཉེ་འཁོར་མང་ཚོགས་ཀྱི་ལས་ཞུགས་ལ་སྐུལ་ཁྲིད་ནུས་ལྡན་ཐུབ་ཡོད།

    “ལོ་ལྔ་ཚན་བཅུ་བཞི་པར”ཕྱིར་མིག་བལྟས་ཚེ། བོད་ཀྱི་བཟོ་ལས་ཀྱིས“ལྗང་མདོག་འཕོ་འགྱུར”ལ་བརྟེན་ནས་སྐྱེ་ཁམས་དང་འཕེལ་རྒྱས་མཐུན་སྦྱོར་ཐུབ་རྒྱུར་ར་སྤྲོད་བྱས་ཡོད་ལ། “ལོ་ལྔ་ཚན་བཅོ་ལྔ་པར”རྒྱང་ལྟ་བྱས་ཚེ། རང་ལྗོངས་ཀྱིས“སྐྱེ་ཁམས་སྔོན་འཇོག་དང་ལྗང་མདོག་འཕེལ་རྒྱས”ཀྱི་འཐབ་ཇུས་མུ་མཐུད་མཐའ་འཁྱོངས་བྱས་ཏེ“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”དང་ནུས་རྒྱུ་གཙང་མའི་ལེགས་ཆར་གཞི་ཚུགས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་དང་ས་མཐོའི་ཁྱད་ལྡན་དེང་རབས་བཟོ་ལས་མ་ལག་ནུས་ཤུགས་ཡོད་རྒུས་གཏོད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།