“འཁྱོལ་དཀའ་བ”ནི་ཕྱི་ནས་ཡོང་མཁན་ཚོའི་ཚོར་སྣང་ཙམ་རེད།

འདི་ནི་བུ་རོགས་གངས་རིའི་འཁྱགས་རོམ་གྱི་ཟུར་ཞིག་ཡིན་པ།
དེ་རིང་ང་ཚོས་བྱང་ཐང་རྒྱལ་ཁབ་སྤྱི་གླིང་འོས་འདེམས་ཁུལ་ཏེ། མཚོ་གཉིས་རྫོང་ཁོངས་སུ་སྐོར་གཡེང་བྱེད་པར་ཕྱིན་པ་ཡིན།
ཁོང་ཚོས“འདི་གར་མིའི་གཟུགས་གཞིའི་ཐེག་ནུས་ལ་ཚོད་བགམ་བྱ་ཡུལ་རེད”ཅེས་ཟེར་གྱི་འདུག དེའི་གོང་ང་ཚོས་དེར་དམིགས་ནས་གྲངས་གཞི་མང་པོ་རེ་རེ་བཞིན་བཙལ་བ་སྟེ། ས་བབ་སྨི་5000ཡན་ཟིན་པ་དང་། ལོ་ལྟར་ལྷགས་པ་ཆེན་པོ་རིམ་པ་8ཡན་ཉིན་200ལྷག་ཙམ་རྒྱག་པ། དྲོད་ཚད་དམའ་ཤོས་ལ་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་36ལ་སླེབས་པ་སོགས་རེད། དེའི་ཚེ་ང་རྩིས་འཁོར་མདུན་དུ་སྡོད་སྐབས་གློ་བུར་དུ་མགོ་གཟེར་ཆེན་པོ་བརྒྱབ་པས། ངས་མཚོ་གཉིས་ས་ཁོངས་སུ་སླེབས་རྗེས་ཀྱི་ཟུག་འཇོམ་སྨན་ཐེངས་གཉིས་པ་དེ་བཏང་བ་ཡིན། དེ་ནས་གྲངས་གཞི་དེ་དག་གིས་དོན་དངོས་ཀྱི་གནས་སྟངས་མཚོན་མི་ཐུབ་པ་གཞི་ནས་ཤེས་བྱུང་།
མཚོ་གཉིས་རྫོང་གྲོང་ནས་བྱང་ལ་གཏད་དེ། རླངས་འཁོར་ལ་བསྡད་ནས་བུ་རོགས་གངས་རིའི་འཁྱགས་རོམ་ཡོད་སའི་སྤྱི་ལེ་80ཙམ་བསྐྱོད་པར་ཆུ་ཚོད་གཉིས་དང་ཕྱེད་ཀ་ཏག་ཏག་འགོར་སོང་།
“བུ་རོགས་གངས་རིའི་འཁྱགས་རོམ་ལ་འཛམ་གླིང་གི་གླིང་སྣེ་གསུམ་པའི་འཁྱགས་རོམ་ཞེས་འབོད་ཀྱི་ཡོད། 2021ལོར་ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད་དེའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་389ཙམ་ཟིན་པ་དང་། མཐའ་འཁོར་གྱི་ཆུ་བོ་དང་མཚོ་མཚེའུ་ཡི་ཆུ་ཁུངས་གཙོ་བོ་ཞིག་ཡིན། དེ་གའི་འཁྱགས་རོམ་དང་། མཚོ་མཚེའུ། བྱེ་རྡོ་བཅས་མཉམ་དུ་གནས་ནས་ཉེ་འཁོར་གྱི་གཙོད་དང་། འབྲོང་། རྐྱང་ལ་སོགས་པའི་རི་སྐྱེས་སྲོག་ཆགས་ཁྱུ་དང་ཁྱུའི་འཚོ་གནས་བྱ་ཡུལ་དུ་གྱུར་ཡོད” ཅེས་མའོ་ཧྲི་ཕིང་གིས་ངོ་སྤྲོད་བྱས་མ་ཐག་ཚང་མ་རུབ་རུབ་བྱས་ཏེ། ལག་པས་འཁྱགས་རོམ་ལ་རེག་ནས་དེའི་གཏིང་རིང་གི“ལོ་ཟླའི་འགྱུར་ལྡོག”ལ་ལྟ་ཞིབ་ཀྱིས་རང་བྱུང་ཁམས་ཆེན་པོའི་ངོ་མཚར་ཉམས་སུ་མྱངས་པ་རེད།
“དེ་ལྟ་བུའི་ཡ་མཚན་ཆེ་ཚུལ་ལ་བལྟས་ཚེ། བརྒྱུད་རིམ་ངོ་མཚར་ཞིག་ཡོད་ངེས་རེད”ཅེས་ལས་རིགས་གཅིག་པའི་མི་འགས་རང་དབང་མེད་པར་བཤད། “འདི་ནི་བརྒྱུད་རིམ་ངོ་མཚར་ཤོས་ཤིག་མིན”ཞེས་མཚོ་གཉིས་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུས་ཀྱི་ལས་མི་རྡོ་རྗེ་དོན་གྲུབ་ཀྱིས་སྐད་ཆའི་མཇུག་མཐུད་ནས་བཤད་པ་དང་། ཁོང་གིས“རྫོང་གྲོང་ནས་འདིར་འོང་བའི་ལམ་ཅུང་བདེ་པོ་ཡོད་པའི་ཁར་རླངས་འཁོར་བཏང་ནས་འོང་ཐུབ་མོད། བུ་རོགས་གངས་རིའི་འཁྱགས་རོམ་གྱི་བྱང་སྣེ་སྤྱི་ལེ་90ཡི་སར་ཡོད་པ་དང་། ད་དུང་གུ་རུ་དག་མ་བདག་སྐྱོང་ས་ཚིགས་ཡོད་སར་ས་བབ་སྨི་5200ལྷག་ཙམ་ཟིན་གྱི་ཡོད་པ་དང་དེར་འགྲོ་ལམ་ཡག་པོ་མེད་པས་འགྲོ་དགོས་ཚེ་དངོས་གནས་དཀའ་ལས་ཁག་པོ་རེད་ཅེས་བཤད།
གུ་རུ་དག་མ་ཞེས་པ་ས་ཆ་གང་འདྲ་ཞིག་ཡིན་ཚུལ་ལ་ངས་བསམ་བློ་གཏོང་བཞིན་དུ་ཤ་རྩི་ཅུང་ནག་པའི་གུ་རུ་དག་མ་བདག་སྐྱོང་ས་ཚིགས་ཀྱི་ཀྲེན་ཀྲང་ཨ་སྐྱིད་ཡོད་སར་ཕྱིན་པ་ཡིན།
གུ་རུ་དག་མ་2015ལོར་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་བུ་རོགས་གངས་རིའི་འཁྱགས་རོམ་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་ཆེད་བཙུགས་པའི་ལྗོངས་ཡོངས་ཀྱི་ཆེད་ལས་བདག་སྐྱོང་ས་ཚིགས་76གི་གྲས་ཤིག་རེད། “ང་ཚོའི་འདིར་དབྱར་ཁ་ཟླ་བ་གཅིག་ལས་མེད། ཉིན་མོར་དྲོད་ཚད་མཐོ་ཤོས་སྐབས་ཧྲེ་ཧྲི་ཏུའུ་10ཡས་མས་ལས་ཟིན་གྱི་མེད་ཀྱང་དེས་རྙོག་དྲ་ཆེན་པོ་བཟོ་གི་འདུག”ཅེས་ཨ་སྐྱིད་ཀྱིས་འཛུམ་དམུལ་དམུལ་ངང་བཤད། ཁོང་གིས“སྐོར་གཡེང་བྱ་ཡུལ་མང་ཆེ་བ་ནི་མཐོ་གྲང་གི་འདམ་ར་ཤ་སྟག་ཡིན་པས། དྲོད་ཚད་མཐོ་རུ་ཕྱིན་ན་འདམ་ངོས་ཀྱི་འཁྱགས་པ་བཞུར་ནས་རླངས་འཁོར་དིམ་སྟེ་འགྲོ་མི་ཐུབ་སྟབས། བརྒྱུད་དགོས་པའི་ལམ་དུ་རྡོ་བཏིང་ནས་འགྲོ་ལམ་སྟབས་བདེ་ཞིག་མ་བཟོ་རང་བཟོ་འཁེལ་གྱི་ཡོད”ཅེས་བཤད།
འཚོ་བར་དཀའ་སྡུག་སྣ་ཚོགས་འཕྲད་པ་བཞིན་སྲུང་སྐྱོང་བྱེད་མཁན་ལའང་མི་སེམས་འགུལ་བའི་གཏམ་རྒྱུད་མང་པོ་ཡོད།
ལོ་ལྟར་གྱི་ཟླ་བ་བཞི་པ་དང་ལྔ་པར། གཙོད་ཕྲུག་ཨ་མས་གནས་སྤོས་ཏེ་ཕྲུ་གུ་སྐྱེ་བར་འོང་བར་ཡིན་གཅིག་ས་ཚིགས་ཡོད་སའི་ཉེ་འཁོར་གྱི་གུ་རུ་དག་མ་གཙང་པོ་བརྒྱུད་དགོས་ཀྱི་ཡོད། དེ་དུས་གཙང་པོར་འཁྱགས་པ་ཐེབས་ནས་གཙོད་འདྲེད་འདར་ཤོར་ཏེ་འགྲོ་ཐུབ་ཀྱི་མེད་སྟབས། སྤྱང་ཀིས་རྒྱབ་ནས་འཇབ་རྒོལ་བྱེད་ཀྱི་ཡོད། ཕྱིས་སུ་དཔྱིད་ཀར་བདག་སྐྱོང་ས་ཚིགས་ཀྱིས་འཁྱགས་པའི་སྟེང་ལ་ས་གཤོ་གི་ཡོད།
གུ་རུ་དག་མ་བདག་སྐྱོང་ས་ཚིགས་སུ་བདག་སྐྱོང་བ་15ཡོད་པ་དང་། དེ་དག་རུ་ཁག་གཉིས་ལ་དབྱེ་ནས་ཟླ་རེར་ལས་རེས་ཐེངས་རེ་བྱེད་ཀྱི་ཡོད།
ཁོང་ཚོས་ལྟོ་ཆས་གང་ཞིག་བཟའ་མིན་ལ་ངས་དོ་སྣང་བྱས་པ་ཡིན།
ཨ་སྐྱིད་ཀྱིས་ཟླ་འགོ་དང་ཟླ་དཀྱིལ་དུ་རྫོང་གྲོང་ནས་ཤ་དང་། ཐུག་པ། འབྲས། ཚལ་ཉུང་ཤས་བཅས་སྡེབ་གཅིག་ཏུ་ཉོ་ཡི་ཡོད་ཅེས་བཤད།
ངས་ཁོང་ལ་ཁྱིམ་དང་ས་ཐག་རིང་བའི་ཁར། ད་དུང་ཆ་རྐྱེན་སྐྱོ་པོ་དེ་འདྲའི་འོག་ཏུ། འཚོ་བ་འཁྱོལ་ཐབས་ཇི་ལྟར་བྱེད་ཀྱི་ཡོད་མེད་སྐོར་དྲིས།
ཨ་སྐྱིད་ཅུང་འཐོམས་པར་གྱུར་པ་དང་། དེ་ནས་དགོད་བཞིན་དུ“ང་ཚོར་འཁྱོལ་མི་ཐུབ་པའི་སྣང་བ་ཡོང་གི་མི་འདུག འདི་གར་འཚོ་བ་སྐྱེལ་བ་དང་ལས་ཀ་བྱེད་པ་མཐའ་དག་རྒྱུན་གཏན་ལྟར་ཡིན་པ་མ་ཟད། ཚང་མས་འདི་གའི་སྲོག་ཆགས་ལ་དགའ་པོ་བྱེད་ཀྱི་ཡོད། ལོ་གཉིས་གོང་། ངས་པར་དུ་བླངས་པའི་འབྲོང་གི་བརྙན་ལམ་དེར་ནག་ཆུ་གྲོང་ཁྱེར་གྱི་པར་ལེན་འགྲན་བསྡུར་ནང་བྱ་དགའ་ཨང་གཉིས་པ་ཐོབ་པ་དང་། ན་ནིང་ང་ཚོའི་ས་ཚིགས་མཚོ་གཉིས་རྫོང་གི་ཕུལ་བྱུང་བདག་སྐྱོང་ས་ཚིགས་ལ་བདམས་ཡོད། དེ་དག་ཚང་མ་ང་ཚོས་ས་ཆ་འདིར་བརྩེ་སེམས་བཅངས་པ་ལས་བྱུང་བ་ཞིག་རེད”ཅེས་བཤད།
ཉི་མ་ལ་ཁར་ནུབ་སྐབས། དགོང་མོའི་མཚམས་སྤྲིན་བུ་རོགས་གངས་རིའི་འཁྱགས་རོམ་དུ་འཕྲོས་ནས་འོད་མདངས་འཚེར་བ་དང་། ཐང་ཡངས་པོར་རི་སྐྱེས་སྲོག་ཆགས་རང་དགར་རྒྱུ་བ་མཐོང་སྐབས། ས་བབ་སྨི་5000ཡན་ཟིན་པའི་ས་གཞིར་ཕྱི་ནས་འོང་མཁན་གྱིས་བལྟས་ཚེ“འཁྱོལ་དཀའ་བ”ཞིག་ཡོད་རུང་། ཨ་སྐྱིད་དང་བདག་སྐྱོང་བ་གཞན་ཚོའི་ངོས་ནས་བརྗོད་ཚེ། དེ་ནི་ས་གཞི་འདི་དང་དེའི་ཐོག་གི་སྲོག་ཆགས་སྲུང་སྐྱོབ་བྱེད་པ་ནི་འགན་འཁྲི་ཞིག་དང་། དགའ་ཞེན་བྱེད་པ་ནི་རང་ཉིད་ཀྱི་ཁྲག་རྒྱུད་ནང་འདྲེས་པའི“རྒྱུན་གཏན་འཚོ་བ”ཞིག་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།