དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་རྩེ་ཁོག་གིས་སྤུས་རྟགས་ལ་བརྟེན་ནས་སྐྱེ་ཁམས་ཞིང་འབྲོག་ལས་སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་འདེད་གཏོང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-28

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རྩེ་ཁོག་རྫོང་གི་རྫོང་དཔོན་ཆོས་འཛིན་རྡོ་རྗེས“ཞིང་ཨུད་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་ཐོག‘སྐྱེ་ཁམས་ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་རྒྱུན་མཐུད་ཆེ་རུ་གཏོང་དགོས’ཞེས་བཏོན་ཞིང་། མི་རིང་བའི་གོང་དུ‘རྩེ་ཁོག་གི་ཁྱད་ལྡན་འབྲོག་ཟོག’གི་སྤུས་རྟགས་ཀྱི་ཚགས་ཤ་དང་ཤ་འདུར་སོགས་ཀྱི་ཐོན་རྫས‘མི་དམངས་ལེགས་འདེམས’ལས་སྟེགས་སུ་སྟོན་པས། ལས་སྟེགས་ཀྱི་ཚད་གཞིས་ཐོན་རྫས་ཀྱི་སྤུས་ཚད་རིམ་སྤོར་ལ་སྐུལ་འདེད་ཐོབ་པ་མ་ཟད། ལས་སྟེགས་ལ་བརྟེན་ནས་བྲིན་ཚོང་ཐབས་ལམ་རྒྱ་སྐྱེད་དང་ཡོང་འབབ་མང་དུ་ཕྱིན་པ་དེ་ནི་ང་ཚོས་ཞིང་ཨུད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་ཐབས་ཡིན”ཞེས་ངོ་སྤྲོད་བྱས་པ་རེད།

    སྐྱེ་ཁམས་ཞིང་འབྲོག་ལས་ཀྱི་སྤུས་ཚད་ཡག་ཏུ་དང་ཕན་འབྲས་ཆེ་རུ་གཏོང་ཆེད། རྩེ་ཁོག་རྫོང་གིས“རྩེ་ཁོག་གི་ཁྱད་ལྡན་འབྲོག་ཟོག”གི་སྤུས་རྟགས་གཏོད་རྒྱུ་དེ་འགག་སྒྲོལ་དུ་བྱས་ཏེ། “སྤུས་ཚད་ལེགས་གཏོང་དང་། ཐོན་ལས་རིན་འཕར། འབྲོག་པར་འབབ་འཕར”བཅས་ཀྱི་སྐྱེ་ཁམས་ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ཡོད། “རྩེ་ཁོག་གི་ཁྱད་ལྡན་འབྲོག་ཟོག”གིས་འབྲི་གཡག་དང་བོད་ལུག་སྐྱེ་ཁམས་སུ་འཚོ་གསོ་བྱེད་པར་བརྟེན་ནས་སྤུས་ཚད་ལ་འགན་ལེན་བྱེད་ཀྱི་ཡོད། རྩེ་ཁོག་རྫོང་གིས་རིགས་རྒྱུད་སྲུང་སྐྱོབ་དང་ནུས་ཆེའི་གསོ་ཚགས་མཉམ་འདྲེས་ལ་གཞི་ཚུགས་ཏེ། རྒྱུད་སྤེལ་དང་ཁྱབ་གདལ་གཞི་གཅིག་ཅན་གྱི་རྟེན་གཞི་བསྐྲུན་ནས། འབྲི་གཡག་གི“7+5”དང་། “ལོ་རེར་བེའུ་བཙའ་ཐེངས་རེ” བོད་ལུག་གི“ལོ་གཉིས་ལ་ལུ་གུ་བཙའ་ཐེངས་གསུམ”བཅས་ཀྱི་ལག་རྩལ་ཁྱབ་གདལ་བཏང་བས། བཤས་གཏོང་ཚད་མཐོ་རུ་དང་ཐོན་རྫས་མཁོ་སྤྲོད་བརྟན་པོ་བྱུང་སྟེ། སྤུས་རྟགས་ཀྱི་སྤུས་ཚད་དང་རིན་གོང་ཡག་པོ་ཡོང་བར་རྨང་གཞི་བརྟན་པོ་བཏིང་ཡོད། ལས་སྣོན་ལྷུ་ཚིགས་ཚགས་ཚུད་དུ་བཏང་སྟེ་ཚན་རྩལ་གྱིས་མཐུན་རྐྱེན་སྦྱོར་བར་བརྟེན་ནས“རྩེ་ཁོག་གི་ཁྱད་ལྡན་འབྲོག་ཟོག”གི་སྤུས་ཚད་སྔར་བས་ལེགས་སུ་བཏང་ཡོད། རྩེ་ཁོག་རྫོང་གིས་མཚོ་སྔོན་ལྷོ་རྒྱུད་ཀྱི་རིག་ནུས་ཅན་གྱི་བཤས་གཏོང་ལས་རིམ་ཐོག་མ་དེ་བཏོད་དེ། ཆུ་ཚོད་72ཀྱི་ཕྲ་སྲིན་མེད་པའི་སྐྱུར་བུད་བཟོ་རྩལ་སྤྱད་ནས། ཚགས་ཤ་དང་ལུག་ཤའི་སྤུས་ཚད་30%མཐོ་རུ་བཏང་ཡོད།

    རྩེ་ཁོག་རྫོང་གིས་ཐོན་ལས་འཁོར་འབྲེལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ཞིང་། “སྲིད་གཞུང་གི་གཙོ་ཁྲིད་དང་། གླིང་ཁུལ་གྱི་སྣེ་ཁྲིད། མཉམ་ལས་ཁང་། བཅའ་ཞུགས་ཁེ་ལས། འབྲོག་དུད”བཅས་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ། འདེབས་འཛུགས་དང་། གསོ་ཚགས། བཤས་གཏོང་། ལས་སྣོན། བྲིན་ཚོང་། ཟོག་འགྲེམས་བཅས་འཁོར་འབྲེལ་ཧྲིལ་པོའི་གཉེར་སྐྱོང་མ་ལག་བཙུགས་པར། ཐོན་ལས་རིམ་སྤོར་དང་། སྐྱེ་ཁམས་ལེགས་གཏོང་། མཉམ་སྡེབ་སྟོབས་ཆེན། འབྲོག་པར་འབབ་འཕར་བཅས“བཞི་ཕན”བྱུང་ཡོད། བྲིན་ཚོང་ཕྱོགས་ཀྱིས་བཀོད་ཇུས་རྒྱུན་མཐུད་རྒྱ་སྐྱེད་ཀྱིས“རྩེ་ཁོག་གི་ཁྱད་ལྡན་འབྲོག་ཟོག”ལ་ཁྲོམ་རའི་བྲིན་ཚོང་ཐབས་ལམ་ཡངས་སུ་བཏང་ཡོད། རྒྱལ་ཡོངས་ཀྱི་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་དབྱི་ཅེ་སྒོ་རྩིས་ཚོང་ཁང་ཁྲི་2.8དང་། “རྩེ་ཁོག་གི་ཁྱད་ལྡན་འབྲོག་ཟོག”གི་སྤུས་རྟགས་ཐད་ཚོང་ཁང་26 དེ་བཞིན་ཐེན་ཅིན་དང་། ཅང་སུའུ། ཁྲེང་ཏུའུ་སོགས་ས་གནས་ཀྱི་ཆེད་དོན་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་བཅས་ལ་བརྟེན་ནས། མིག་སྔའི་བར་འབྲོག་ཟོག་གི་མངགས་ཐོ་བྲིན་ཚོང་བྱེད་ཚད་སྒོར་ཁྲི་2760.5ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།