ལྗང་མདོག་ནུས་རྒྱུས་བོད་ལ་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་བསྣན་པ།
ས་བབ་མཐོ་ཚད་སྨི་4800ཡོད་པའི་བོད་ལྗོངས་སྨར་ཁམས་རྫོང་འགག་མདོ་ཤང་གི་ལོ་11ལ་སླེབས་པའི་བསམ་སྐྱིད་ལྷ་མོ་ཉིན་ལྟར་སློབ་གྲྭར་འགྲོ་སྐབས་སྤྱི་ལེ་ཁ་ཤས་ཀྱི་སར་ཁྱབ་པའི་འོད་ཤུགས་པང་ལེབ་དེ་དག་བརྒྱུད་དགོས། “ཨ་ཁུ་ལགས། པང་ལེབ་འོད་ཆེམ་ཆེམ་དེ་དག་གིས་གློག་གཏོང་ཐུབ་དོན་གང་ཡིན་ནམ”ཞེས་བོད་རིགས་བུ་མོ་ཆུང་ཆུང་དེས་སྐོར་ཞིབ་ཀྱི་རྣམ་གྲངས་ཅིང་ལི་ཀྲའོ་ཡུས་དབྱིན་ལ་སྐད་ཆ་དྲིས།
“རང་ལྟོས་དང་། པང་ལེབ་དེ་ཚོ་ནི་རྩྭ་ཐང་སྟེང་བཞད་པའི་སྐལ་བཟང་མེ་ཏོག་དང་འདྲ་པོ་མི་འདུག་གམ། དེ་ཚོས་ཉི་འོད་འཐེན་ཏེ་གློག་ལ་བསྒྱུར་ནས་དུད་ཚང་ཚང་མར་ཁྱབ་ཀྱི་ཡོད”ཅེས་ཀྲའོ་ཡུས་དབྱིན་གྱིས་འཛུམ་དམུལ་དམུལ་ངང་བཤད།
ཉམས་ཞན་ཁོར་ཡུག་ཁྲོད་ནས་ལྗང་མདོག་ནུས་རྒྱུ་གསར་སྤེལ་བྱས་པ།
བོད་དུ་ལོ་རེའི་ཆ་སྙོམས་ཉི་འོད་འཕྲོ་ཚད་ཆུ་ཚོད་3000ལས་བརྒལ་བ་དང་། ལོ་རེའི་འགྱེད་འཕྲོ་ཁྱབ་ཚད་སྨི་ངོས་གྲུ་རེར་ཀྲའོ་ཅའོ་ཨར་6000ནས་8000བར་ཟིན་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། དེ་དང་ཆབས་ཅིག་ཆུ་ནུས་ཐོན་ཁུངས་རིགས་པའི་གཞུང་ལུགས་ཀྱི་གསོག་ཚད་ཆན་ཝ་དུང་ཕྱུར་2.1ཟིན་པ་དང་རླུང་ནུས་ཐོན་ཁུངས་ལག་རྩལ་གསར་སྤེལ་བྱེད་ཆོག་ཚད་ཆན་ཝ་དུང་ཕྱུར་1.8ལྷག་ཙམ་ཟིན་གྱི་ཡོད།
འོད་ཤུགས་པང་ལེབ་འོག་གི་རྩྭའི་ཉག་མ་རེ་རེ་རླུང་གི་ཁྲོད་དུ་མགོ་ལྕོག་ལྡེམ་པ་དང་ལུག་ཁྱུ་བག་ཕེབས་ངང་རྩྭ་ཟ་བཞིན་ཡོད། འབྲོག་པ་སྐལ་བཟང་དབང་འདུས་ཀྱིས་གསར་དུ་ཉོས་པའི་གློག་སྒུལ་འཁོར་གསུམ་སྦག་སྦག་བཏང་ནས་མཐོ་ཚད་སྨི་2.5ཡོད་པའི་འོད་ཤུགས་པང་ལེབ་འོག་ཏུ་རྩྭ་བརྔ་བཞིན་ཡོད། ལོ་གསུམ་གྱི་གོང་དུ་དེ་གར་གང་སར་བྱེ་རྡོས་ཁེངས་པ་དང་ད་ལྟ་འོད་ཤུགས་པང་ལེབ་ཀྱིས་བྱེ་རླུང་བཀག་ནས་ས་རྒྱུའི་ཆུ་སྲུང་ཐུབ་ཡོད། ཁོང་གིས་གསར་འགོད་པར་རང་ཁྱིམ་གྱི་ལུག་80དེ་དག་ད་ལྟ་འོད་ཤུགས་པང་ལེབ་འོག་གི་རྩྭ་ལ་བརྟེན་ནས་གསོས། ལོ་ལྟར་གཟན་ཆས་ཀྱི་མ་གནས་སྒོར་ཁྲི་1.2གྲོན་ཆུང་ཐུབ་པ་མ་ཟད། རྩྭ་ལྷག་མ་བཙོངས་ན་ཡོང་འབབ་སྒོར་8000ལྷག་ཙམ་རག་གི་འདུག གཞན་ཡང་། རྣམ་གྲངས་དེས་ས་གནས་དེ་གའི་ཡུལ་མི་བཅུ་ལྷག་ཙམ་ཨར་ལས་ནང་བསྡུས་པས་མི་རེར་ཟླ་རེར་ཡོང་འབབ་སྒོར་3000ལྷག་ཙམ་རག་གི་འདུག་ཅེས་བཤད།
ཧྭ་གློག་སྨར་ཁམས་འགག་མདོ་ཡི་ཀྲའོ་ཝ་1800ཡི་འོད་ཤུགས་གློག་འདོན་རྣམ་གྲངས་ཚང་མ་བསྐྲུན་རྗེས་ལོ་རེར་གློག་ཆན་ཝ་ཆུ་ཚོད་དུང་ཕྱུར་1.2ཙམ་འདོན་ཐུབ་ནས་ཚད་ལྡན་རྡོ་སོལ་ཏུན་ཁྲི་3.6གྲོན་ཆུང་ཐུབ་པ་དང་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་9.4ཉུང་དུ་ཕྱིན་པ་དང་མཚུངས། ཚོད་འཛིན་ཁང་ཨ་མ་ནས་ཀྲའོ་ཡུས་དབྱིན་གྱིས་གསར་འགོད་པར་སྔོན་ཐོན་གྱི་རིག་ནུས་བཀོལ་སྤྱོད་བདག་སྐྱོང་མ་ལག་བསྟན་ཏེ“ང་ཚོས་རང་བརྟེན་ཞིབ་འཇུག་གསར་སྤེལ་བྱས་པའི་རིག་ནུས་གཙང་ཁྲུས་འཕྲུལ་མི་དེས་པར་རིས་དབྱེ་འབྱེད་ལག་རྩལ་ལ་བརྟེན་ནས་འོད་ཤུགས་པང་ལེབ་ལ་སྦགས་བཙོག་ཤོར་ཚད་བརྡར་ཤ་གཅོད་ཐུབ་ཀྱི་ཡོད། སྲོལ་རྒྱུན་གྱི་གཏན་འཇགས་གཙང་ཁྲུས་ལས་ཆུ་30%གྲོན་ཆུང་ཐུབ་པ་དང་ལོ་ལྟར་ཆུ་ཏུན་ཁྲི་1.5གྲོན་ཆུང་ཐུབ་ནས་གློག་འདོན་ལས་ཆོད་ཀྱང་5%མཐོ་རུ་གཏོང་ཐུབ”ཅེས་བཤད་པ་རེད།
ལྗང་མདོག་གློག་ཤུགས་ཀྱིས་ཐོན་ལས་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་བཏོད་པ།
“ལོ་ལྔ་ཚན་བཅུ་བཞི་པ”ནས་བོད་ཀྱི་ནུས་རྒྱུ་གསར་པའི(འོད་ཤུགས་དང་རླུང་གློག)གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ་དང་ས་གནས་ཀྱི་ནུས་རྒྱུའི་གྲུབ་ཆ་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད། ལྗང་མདོག་གློག་ཤུགས་མཁོ་སྤྲོད་བརྟན་པོ་བྱུང་བ་དེས་བོད་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་བཞིན་ཡོད།
ལྷ་ས་མཐོ་གསར་ཁུལ་གྱི་བོད་ལྗོངས་ཀའོ་ཁྲི་ཚན་རྩལ་ཆ་འཕྲིན་ཐོན་ལས་ཚོགས་པའི་གྲངས་འཛིན་ཅན་གྱི་འཁོར་ཁང་དུ་འཕྲུལ་ཆས་ཀྱིས་གནད་ལ་འཁེལ་པོས་ལས་སྒོ་སྒྲུབ་པ་དང་མི་མེད་དབོར་འདྲེན་རླངས་འཁོར་གོ་རིམ་ལྡན་པའི་ངང་སྐྱོད་བཞིན་ཡོད། ཀུང་སིས་ཐོན་སྐྱེད་བྱས་པའི་ནུས་གསོག་གློག་རྫས་དང་རིག་ནུས་མཐའ་སྣེ་སོགས་ཐོན་རྫས་ཀྱིས་ལྗོངས་ནང་ཁུལ་གྱི་དགོས་མཁོ་སྐོང་ཐུབ་པ་མ་ཟད། ད་དུང་རྒྱལ་ཡོངས་ཀྱི་ཁྲོམ་རར་བསྐྱོད་ནས་ཐོན་རྫས་ཀྱི་རིན་ཐང་ལོ་ལྟར་འཕར་བཞིན་ཡོད།
རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་བཀོད་གཏོང་ལྟེ་གནས་ཀྱི་བརྙན་ཤེལ་ཆེན་པོའི་ཐོག་ལྗོངས་ཡོངས་ཀྱི་གློག་དྲ་དུས་ཐོག་ཏུ་འཁོར་རྒྱུག་ཐུབ་པའི་རྣམ་པ་གསལ་པོ་མངོན་ཡོད། “ང་ཚོས་སྔོན་ཐོན་གྱི་མཐུན་སྦྱོར་ཚོད་འཛིན་མ་ལག་བསྐྲུན་ནས་སྐར་ཆ་རིམ་པའི་རླབས་འགུལ་དང་ལེན་བྱེད་ཐུབ་པས། ནུས་རྒྱུ་གཙང་མ་སྣ་ཚོགས་ལེགས་སྒྱུར་གསབ་རེས་མངོན་འགྱུར་བྱེད་ཐུབ”ཅེས་བཀོད་གཏོང་པས་ངོ་སྤྲོད་བྱས།
ལྗང་མདོག་གློག་ཤུགས་ལས་ས་མཐོའི་མང་ཚོགས་ཀྱི་འཚོ་བ་སྐྱེལ་སྟངས་ལ་འགྱུར་བ་འགྲོ་བ།
བརྟན་པོ་དང་། ཁོར་ཡུག་སྲུང་སྐྱོང་། རིན་གོང་དམའ་བ་བཅས་ཀྱི་ལྗང་མདོག་གློག་ཤུགས་ཀྱིས་ས་མཐོའི་མང་ཚོགས་ཀྱི་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་གཏོང་བཞིན་ཡོད།
ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་དེང་རབས་ཞིང་ལས་དཔེ་སྟོན་གླིང་དུ། བློ་རིག་དྲོད་ཁང་ཐོག་སྟེང་གི་འོད་ཤུགས་པང་ལེབ་ཀྱིས་གློག་ཤུགས་གཙང་མ་མཁོ་འདོན་བྱེད་བཞིན་ཡོད། འདེབས་འཛུགས་དུད་ཚང་ཚེ་རིང་བདེ་སྐྱིད་ཀྱིས་ལག་ཐོགས་ཁ་པར་གྱི་Appབརྒྱུད་ནས་རྒྱང་རིང་ནས་དྲོད་ཁང་གི་ཁོར་ཡུག་དོ་དམ་བྱེད་ཐུབ། “གློག་ཤུགས་བརྟན་པོ་དང་རིག་ནུས་སྒྲིག་ཆས་ཡོད་པས། ང་ཚོས་རིན་ཐང་དེ་བས་མཐོ་བའི་ལོ་ཏོག་འདེབས་འཛུགས་ཚོད་ལྟ་བྱེད་ཀྱི་ཡོད”ཁོང་གིས་བཏབ་པའི་ས་མཐོའི་སྐྱེ་ལྡན་འདྲེ་ཚེར་མའི་སྤུས་ཚད་ལེགས་པས་དྲ་ཐོག་ཚོང་དོན་ལས་སྟེགས་བརྒྱུད་ས་གནས་ཁག་ཏུ་བཙོངས་ཡོད།
ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་རུ་བཞི་ཤང་བསམ་མདོ་གྲོང་ཚོའི་ཡུལ་མི་བཀྲ་ཤིས་ཕུན་ཚོགས་ཀྱིས“ད་ཆ་ཉིན་མཚན་དབྱེར་མེད་དུ་གློག་ཡོད་པ་དང་གློག་རིན་དམའ་པོ་རེད། ཁང་པའི་ནང་གཙང་སྦྲ་དོད་ལ་དྲོ་པོ་ཡོད”ཅེས་ཁོང་གིས་རང་ཁྱིམ་གྱི་བརྙན་འཕྲིན་དང་། འཁྱགས་སྒམ། ཇ་བསྲུབས་འཕྲུལ་ཆས་བཅས་གསར་རྐྱང་ལ་མཛུབ་མོ་འཛུགས་བཞིན་དེ་ལྟར་བཤད།
“ལོ་ལྔ་ཚན་བཅུ་བཞི་པའི”དུས་མཇུག་ཏུ་བོད་ཀྱི་ནུས་རྒྱུ་གཙང་མ་དང་དེ་བཞིན་འབྲེལ་ཡོད་ཐོན་ལས་དེ་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གལ་ཆེན་དུ་གྱུར་ཟིན་ཡོད། བོད་ཀྱིས་རང་བྱུང་ཁམས་ཀྱི་ལྗང་མདོག་གཏེར་མཛོད་དེ་ཐོན་སྐྱེད་ནུས་ཤུགས་གསར་མར་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་ཆེན་པོར་འགྱུར་བཞིན་ཡོད། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་ཐཱན་ཉུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་གངས་ལྗོངས་ས་མཐོར་སྣུར་བསྲིང་བྱེད་བཞིན་ཡོད།
(《འོད་ཟེར་ཉིན་རེའི་ཚགས་པར》2025ལོའི་ཟླ་12ཚེས་10ཉིན་གྱི་པར་ངོས་4པ་ནས་བརྒྱུད་འགོད་བྱས)
འབྲེལ་ཡོད་གསར་འགྱུར།