དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་སྒྲིག་སྲོལ་གསར་པར་བསམ་འཆར་བསྡུ་ལེན་བྱས་པ།

    རླངས་འཁོར་ཁེ་ལས་ཀྱི་བྲིན་ཚོང་དང་རིན་གོང་གཏན་འཁེལ་གྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-28

    ལྟ་འདོམས་སྒྲིག་སྲོལ་གཅིག་གྱུར་དང་བཅའ་ཁྲིམས་ཀྱི་མཐའ་ཚད་གསལ་པོ་བཟོས་ནས་རླངས་འཁོར་ཐོན་སྐྱེད་ཕྱིར་ཚོང་ཁེ་ལས་ཁག་གིས་ཁྲིམས་ལྟར་སྒྲིག་སྲོལ་དང་མཐུན་པའི་གཉེར་སྐྱོང་བྱེད་པར་ཁྲིད་སྟོན་བྱ་ཆེད། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས《རླངས་འཁོར་ལས་རིགས་ཀྱི་རིན་གོང་བྱ་སྤྱོད་སྲོལ་མཐུན་གྱི་ཕྱོགས་སྟོན(བསམ་འཆར་བསྡུ་ལེན་གྱི་མ་ཟིན)》ཁྱབ་བསྒྲགས་བྱས་ནས་སྤྱི་ཚོགས་ཐོག་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱས་པ་རེད།

    ཕྱོགས་སྟོན་ནང་རླངས་འཁོར་ཐོན་སྐྱེད་ཁེ་ལས་ཀྱི་རིན་གོང་གི་ཚད་གཞི་ཞིབ་ཕྲ་བཟོས་ནས་རླངས་འཁོར་ཧྲིལ་པོ་ནས་ལྷུ་ལག་ཐོན་སྐྱེད་བར་དང་། རིན་གོང་གཏན་འཁེལ་གྱི་ཐབས་ཇུས་ནས་ཕྱིར་ཚོང་བྱ་སྤྱོད་བར་གྱི་ལྷུ་ཚིགས་ཁག་གི་རིན་གོང་སྲོལ་མཐུན་གྱི་བླང་བྱ་ཁ་གསལ་བཏོན་པ་སྟེ། གཅིག་ནས་བརྒྱུད་རིམ་ཧྲིལ་པོའི་རིན་གོང་དོ་དམ་ལག་བསྟར་བྱས་ཏེ་རླངས་འཁོར་ཧྲིལ་པོ་ཕྱིར་འཚོང་དང་དངུལ་རྩའི་ཞབས་ཞུ་སོགས་ལྷུ་ཚིགས་ཡོངས་ལ་ཁྱབ་པའི་འཁོར་འབྲེལ་ཧྲིལ་པོའི་རིན་གོང་གི་དོ་དམ་ལམ་ལུགས་འཛུགས་དགོས་པའི་བླང་བྱ་བཏོན་པ་དང་། གཉིས་ནས་ཕྱིར་ཚོང་དང་རིན་གོང་གཏན་འཁེལ་གྱི་བྱ་སྤྱོད་ཚད་ལྡན་དུ་བཏང་སྟེ་ཁེ་སྤོགས་ཕྱིར་སློག་སྲིད་ཇུས་ཁ་གསལ་བཟོས་པ་དང་འབྲེལ། གན་རྒྱ་སོགས་ཀྱི་རྣམ་པའི་ཐོག་ནས་ཁ་ཆད་བཞག་སྟེ་བརྒྱུད་འཚོང་བས་རང་བདག་ངང་རིན་གོང་གཏན་འཁེལ་བྱེད་དབང་ལ་བརྩི་འཇོག་བྱེད་དགོས་པའི་བླང་བྱ་བཏོན་པ། གསུམ་ནས་ཁྲིམས་ལྟར་ཚུལ་མིན་གྱི་རིན་གོང་བཟོ་རིགས་ལ་རྡུང་རྡེག་བཏང་ནས་སྣང་ཚུལ་སྣ་ཚོགས་ཞིབ་ཕྲ་བཟོས་པ། བཞི་ནས་དྲང་བཞག་ངང་རིན་གོང་གཏན་འཁེལ་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ་ཉོ་ཚོང་ཆ་རྐྱེན་འདྲ་མཚུངས་ཀྱི་གཉེར་སྐྱོང་བས་རིན་གོང་མི་འདྲ་བ་བསྡུ་རྒྱུ་གཏན་འགོག་དང་། ཐོན་སྐྱེད་བྱེད་མཁན་དབར་དང་ལྷུ་ལག་ཁེ་ལས་དབར་རིན་གོང་ལྐོག་འབྲེལ་བྱེད་རྒྱུ་གཏན་འགོག་བྱེད་པ། ལྔ་ནས་ལྷུ་ལག་དང་བྱེད་ནུས་གྲོན་བསྡུ་ཚད་ལྡན་དུ་བཏང་སྟེ “གྲོན་འཇལ་སྒྲོག་བཀྲོལ”གྱི་ནུས་པའི་རིན་མེད་དུས་ཡུན་དང་གྲོན་བསྡུའི་ཚད་གཞི་གསལ་པོ་ཤོད་དགོས་པ་དང་འཛད་སྤྱོད་པའི་གནས་ཚུལ་ཤེས་དབང་འགན་ལེན་བྱེད་དགོས་པ་བཅས་སོ།

    ཕྱོགས་སྟོན་ནང་རླངས་འཁོར་ཕྱིར་ཚོང་ཁེ་ལས་ཀྱི་རིན་གོང་བྱ་སྤྱོད་ཐད་བླང་བྱ་ཁ་གསལ་བཟོས་པ་སྟེ། གཅིག་ནས་རིན་གོང་གསལ་པོར་འགོད་པའི་སྒྲིག་སྲོལ་ཞིབ་ཕྲ་བཟོས་ཏེ་གཉེར་སྐྱོང་བྱ་ཡུལ་དང་དྲ་རྒྱའི་ལས་སྟེགས་བཅོས་མིན་དང་། ཚོང་ཟོག་དང་ཞབས་ཞུའི་ཆ་འཕྲིན་དོན་དངོས་དང་གནད་སྨིན་འགོད་དགོས་པའི་བླང་བྱ་བཏོན་པ་དང་། རླངས་འཁོར་ཐོན་རྫས་ཀྱི་རིན་གོང་དང་ཕྱིར་ཚོང་ཞབས་ཞུའི་རིན་གོང་གཉིས་དབྱེ་འབྱེད་ནན་པོ་བྱས་ཏེ། གཏན་འཁེལ་བྱས་པའི་རིན་གོང་ཕུད་རིན་གོང་སྤོར་རྒྱུ་གཏན་འགོག་བྱེད་དགོས་པ་དང་། གཉིས་ནས་བྲིན་ཐབས་བྱ་སྤྱོད་ཚད་ལྡན་དུ་བཏང་སྟེ་བྲིན་ཚོང་སྒྲིག་སྲོལ་དང་། དུས་ཚད། ཚོད་འཛིན་ཆ་རྐྱེན་བཅས་མངོན་གསལ་དོད་པོས་ཡོངས་བསྒྲགས་བྱེད་དགོས་པ་མ་ཟད། ལག་རྟགས་སྤྲོད་པའི་ཆ་འཕྲིན་ཇི་མ་ཇི་བཞིན་གསལ་པོ་སྟོན་དགོས་པའི་བླང་བྱ་བཏོན་པ། གསུམ་ནས་རིན་གོང་མགོ་སྐོར་གཏོང་བའི་བྱེད་སྤྱོད་ཞིབ་ཕྲ་བཟོས་ནས་གོ་བ་ལོག་ཁྲིད་རང་བཞིན་གྱི་རིན་གོང་བཀོད་པ་དང་། བསྡུར་གཞི་ཡོད་པའི་རིན་གོང་རྫུན་བཟོ་བྱེད་པ། ཁས་ལེན་བྱས་པའི་རིན་གོང་ལག་བསྟར་མི་བྱེད་པ་སོགས་ཀྱི་བྱེད་སྤྱོད་གཏན་འགོག་གསལ་པོ་བྱེད་དགོས་པ། བཞི་ནས་ཉེན་ཁའི་དྲན་སྐུལ་ལམ་སྲོལ་བཙུགས་ཏེ་ལས་སྟེགས་ཀྱིས་རིན་གོང་དམའ་བའི་བྱ་སྤྱོད་ལ་གཉེར་སྐྱོང་ཉེན་ཁ་དང་འཛད་སྤྱོད་ཉེན་ཁའི་ཕྱོགས་གཉིས་ཀྱི་དྲན་སྐུལ་བྱེད་པར་སྐུལ་མ་གཏོང་དགོས་པ། ལྔ་ནས་ཞབས་ཞུའི་གྲོན་བསྡུ་ཚད་ལྡན་དུ་བཏང་སྟེ་གྲོན་དངུལ་བསྡུ་བ་ལས་ཞབས་འདེགས་མི་ཞུ་བ་དང་། གྲོན་དངུལ་བསྐྱར་བསྡུ་བྱེད་པ། རང་ཉིད་ཀྱིས་བསྡུ་དགོས་པའི་གྲོན་དངུལ་གཞན་ལ་བསྡུ་རུ་འཇུག་པ་སོགས་ཀྱི་བྱ་སྤྱོད་གཏན་འགོག་བྱེད་དགོས་པ་བཅས་སོ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།