དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གནས་སྤོས་དུད་ཚང་200ཕྱུག་པོར་འགྱུར་ཆེད་ཟངས་རི་རྫོང་གི་ལས་བྱེད་པས་བྲག་དཀར་ར་གསོ་སྤེལ་ལས་ལ་གཞོལ་བ།

    བྲག་དཀར་རོང་གི་རྩྭ་ར་དང་ནོར་ལུག་ཕྱུག་འགྱུར་གྱི་ནོར་བུར་གྱུར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-28

    དུད་ཚང་200ཡི་ཡུལ་མི་བྲག་དཀར་རོང་ནས་ཡར་ཀླུང་གཙང་པོའི་ངོགས་ཀྱི་སྡོད་ཁང་གསར་པར་སྤོས་རྗེས། འཚོ་བ་སྔར་ལས་ཇེ་སྐྱིད་དུ་སོང་ནའང་ཚང་མའི་སེམས་སུ་རང་ཡུལ་གྱི་ས་ཞིང་དང་རྩྭ་ར་བེད་མེད་དུ་མི་ལུས་པ་དང་། སོ་སོའི་ཁྱིམ་ཚང་གི་ནོར་ལུག་ཇི་ལྟར་འཚོས་ན་གཞི་ནས་ཡོང་འབབ་གསོག་ཐུབ་པའི་སྐོར་ལ་སེམས་ཁྲལ་ཆེན་པོ་བྱེད།

    དོན་དག་དེའི་སྐོར་ལ་ཟངས་རི་རྫོང་དང་རོང་ཤང་གི་ལས་བྱེད་པ་རྣམས་ཀྱིས་སྔ་ས་ནས་བསམ་བློ་བཏང་ཡོད།

    དགུན་དུས་ཀྱི་ཞོགས་པར། བྲག་དཀར་རོང་གི་ཕུལ་བྱུང་གྲོང་ཚོའི་ལྷས་ར་སྒོ་ཕྱེ་མ་ཐག་བྲག་དཀར་གྱི་ར་500ལྷག་རགས་ཁ་ཤོར་བ་བཞིན་རི་ལྡེབས་སུ་བསྐྱོད། ལོ་50ལྷག་ལ་སླེབས་པའི་བཅིངས་འགྲོལ་ཡེ་ཤེས་ཀྱིས་ཚེ་གང་ཕྱུགས་རྫི་བྱས་ཤིང་། དེ་སྔར་ཁོང་ནི་རང་སོ་སོས་ཕྱུགས་ཟོག་འཚོ་སྐྱོང་བྱེད་པས། གཞི་ཁྱོན་ཆུང་བ་དང་ཉེན་ཁ་འགོག་ནུས་ཞན་པས། རི་སྔོན་བསྲུངས་ཀྱང་གསེར་རི་མཐོང་དཀའ་བ་རེད། ད་ཆ་ཁོང་གྲོང་ཚོའི་གསོ་ཚགས་མཉམ་ལས་ཁང་གི་ལུག་རྫིར་གྱུར་ནས་ཉིན་ལྟར་འུར་རྡོ་གཡུག་བཞིན་ར་ལུག་འཚོ་སྐྱོང་བྱས་པར་ཡོང་འབབ་སྔོན་ཆད་ལས་ལྡབ་འགྱུར་གྱིས་འཕར་ཡོད། “གནས་སྤོས་རྗེས་ར་ལུག་འཚོས་ནས་ཕྱུག་པོར་འགྱུར་ཐུབ་པ་འདི་རྨི་ལམ་ནང་དུ་ཡང་རྨིས་མྱོང་མེད”ཅེས་ཁོང་གིས་བརྗོད།

    དེ་དག་ཐམས་ཅད་ནི་ཤང་གིས་བཏོན་པའི་ཐབས་བཟང་ལས་བྱུང་བ་རེད། ན་ནིང་ཟངས་རི་རྫོང་གིས་ས་གཤིས་གནོད་འཚེའི་དབང་གི་གནས་སྤོ་བྱེད་འགོ་བཙུགས་ཏེ་བྲག་དཀར་རོང་གི་སྲིད་འཛིན་གྲོང་ཚོ་ལྔ་ཟླ་སྒྲིལ་བཏང་ནས་བྲག་དཀར་གྲོང་ཚོ་གྲུབ་པ་དང་། གྲོང་མི་800“སྡོད་གནས་སེམས་ཁྲལ”ནས“སྡོད་གནས་ལེགས་པོའི”བར་གྱི་འཕོ་འགྱུར་བྱུང་ཡོད། “གནས་སྤོ་ཐུབ་པ་མ་ཟད། དེ་བས་ཀྱང་གཞིས་ཆགས་ཐུབ་པ་དང་ཕྱུག་པོ་ཆགས་ཐུབ་པར་བྱེད་དགོས”ཞེས་རོང་ཤང་གི་ཏང་ཨུད་ཀྱི་ཧྲུའུ་ཅི་བསམ་གཏན་ནོར་བུ་ཡིས་བརྗོད་ཅིང་། ཁོང་གིས། ལས་བྱེད་པ་ཚོས་བསམ་བློ་ཡང་ཡང་བཏང་རྗེས་རང་གི་ལུང་པར་ཡོད་པའི་བྲག་དཀར་ར་གསོ་སྤེལ་བྱ་རྒྱུའི་བསམ་བློ་འཁོར་ཞེས་བཤད།

    ལུང་པའི་རྩྭ་ས་མུའུ་ཁྲི་19བེད་མེད་དུ་བསྐྱུར་མི་རུང་། དེ་དག་ལུག་ཁྱུའི“འབྲུ་མཛོད་སྤུས་ལེགས”སུ་འགྱུར་དུ་འཇུག་དགོས། འོན་ཀྱང་གྲོང་མི་ཚོས་ནོར་ལུག་དག་རང་དགར་འཚོ་སྐྱོང་བྱས་ན་ཡོང་འབབ་ཉུང་བས་མཉམ་སྡེབ་གསོ་ཚགས་བྱས་ན་དགའ། དེར་བརྟེན་ཧུའུ་ནན་ཞིང་ཆེན་གཡོད་དབྱང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་མ་དངུལ་སྒོར་ཁྲི་140བཏང་ནས་ཚད་ལྡན་ཅན་གྱི་གསོ་སྤེལ་ར་བ་གསུམ་བསྐྲུན་པ་དང་། རོང་ཤང་གིས“མཉམ་སྡེབ་གསོ་ཚགས+སྔོན་ལ་ཉོ་སྒྲུབ”བྱེད་སྟངས་གསར་དུ་བཏོན་ནས་གསོ་སྤེལ་ར་བ་གསུམ་པོ་གསོ་སྤེལ་འཇོན་ཐང་ཅན་ལ་འགན་གཙང་ལེན་དུ་བཅུག་པ་མ་ཟད། ད་དུང་གྲོང་མིར་མཉམ་ལས་ཁང་འཛུགས་རྒྱུའི་ལྕག་སྐུལ་ཡང་བྱས་པ་རེད།

    བྲག་དཀར་ར་བདམས་དོན་གང་ཡིན་ནམ།

    “ར་དེ་དག་སྤྱིར་བཏང་གི་ར་ཞིག་གཏན་ནས་མིན། ཤའི་བྲོ་བ་ཞིམ་ལ་དྲི་མ་མེད་པའི་ཁར་རིལ་མ་ནི་ལུད་ཀྱང་བྱེད་ཆོག་པས་བེད་སྤྱོད་ཡང་ཡང་བཏང་ནས་འཕྲོ་བརླག་ཏུ་འགྲོ་ཡི་མེད”ཅེས་རོང་ཤང་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ཀྱི་ཀྲུའུ་རེན་བློ་བཟང་རྡོ་རྗེས་བཤད། དེ་ལས་ཉམས་དགའ་བ་ཞིག་ལ། བྲག་དཀར་ར་ནི་ས་བབ་མཐོ་སར་འཚར་ལོངས་བྱུང་བ་དང་། རི་གྲོང་གི་རང་བྱུང་གི་གཟན་རྩྭ་ཟོས་ཤིང་། རྒྱུ་གཙང་སྤུས་གཙང་ཡིན་པས། ར་ཤ་དེ་དག་ལ་འཛད་སྤྱོད་པའི་གདེང་འཇོག་བཟང་པོ་རྒྱ་ཁྱབ་ཏུ་ཐོབ་ཡོད།

    “རྩྭ་ས་སྲུང་སྐྱོང་ཡག་པོ་བྱེད་དགོས་ལ། ར་ལུག་ཀྱང་ཚན་རིག་དང་མཐུན་པའི་སྒོ་ནས་འཚོ་སྐྱོང་བྱེད་དགོས”ཞེས་ཟངས་རི་རྫོང་ཞིང་ལས་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་བཀྲ་ཤིས་བསྟན་འཛིན་གྱིས་བརྗོད་ཅིང་། ཁོང་གིས། འབྲོག་པ་རྣམས་ཀྱིས“རྩྭ་སར་བརྟེན་ནས་ཕྱུགས་གྲངས་གཏན་འཁེལ་དང་། རྩྭ་ཕྱུགས་དོ་མཉམ་ཡོང་བར་བྱེད”ཅེས་པའི་རྩ་དོན་ལྟར་འཚོ་སྐྱོང་བྱས་ན། རྩྭ་སའི་ཐོན་ཁུངས་འཕྲོ་བརླག་མི་འགྲོ་བ་དང་ར་ལུག་ཀྱང་ཤ་ཤེད་རྒྱས་ཐུབ། མིག་སྔར་ཤང་ཡོངས་ནས་བྲག་དཀར་ར་2000ལྷག་ཙམ་མཉམ་སྡེབ་གསོ་སྤེལ་བྱས་ཡོད་པ་དང་སྔོན་དཔག་བྱས་ན་འབྱུང་འགྱུར་ལོ་ལྔའི་ནང་ཁྲི་1བར་མང་དུ་སོང་ནས་ཐོན་རྫས་རིན་ཐང་སྒོར་ཁྲི་900ལྷག་ཙམ་ཟིན་རྒྱུ་རེད་ཅེས་བཤད།

    ད་ཆ་ཡང་བསྐྱར་བྲག་དཀར་ལུང་པར་བལྟས་ཚེ། རྩྭ་ས་མུའུ་ཁྲི་19ཡིས་བྲག་དཀར་ར་འཚོ་སྐྱོང་བྱེད་ཀྱི་ཡོད་པ་དང་། ཚད་ལྡན་ཅན་གྱི་གསོ་སྤེལ་ར་བར་ནོར་ལུག་མང་ཞིང་ཤ་ཤེད་རབ་ཏུ་རྒྱས། “ཏང་ཀྲི་པུའུ+མཉམ་ལས་ཁང+ཕྱུག་འགྱུར་སྣེ་ཁྲིད་པ”བཅས་ཀྱི་བྱེད་སྟངས་ལས་རི་གྲོང་གི་ཐོན་ཁུངས་ཕུན་སུམ་ཚོགས་པོར་གྱུར་ཡོད། ཟངས་རི་རྫོང་གི་རྫོང་དཔོན་གཞོན་པ་ནོར་བུས། སླད་ཕྱིན་ད་དུང་བྲག་དཀར་ར་ལ་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་རེ་ཞུ་བྱས་ནས་ཐོན་ལས་འཁོར་འབྲེལ་སྣུར་སྲིང་བྱས་ཏེ་བྲག་དཀར་ར་དེ་ཟངས་རིའི་མིང་བྱང་བཀྲག་མདངས་ཅན་ཞིག་ཏུ་འགྱུར་བར་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།