ས་མཐོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མཐོ་ས་གསར་པ་གཏོད་པ།

འདི་ནི་གྲོང་མི་ཚོས་ལྷ་སའི་རིམ་གསུམ་སྲིད་དོན་ཞབས་ཞུའི་ཚོམས་ཆེན་དུ་ལས་སྒོ་གཉེར་བཞིན་པ།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་གཏན་འབེབས་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་གཞི》ཡི་ནང“གཉེར་སྐྱོང་བྱེད་པོ་སྣ་ཚོགས་ཀྱི་གསོན་ཤུགས་གང་ལེགས་འཕེལ་བར་བྱེད་པའི”འཐབ་ཇུས་བཀོད་སྒྲིག་བྱས་ཡོད། “ལོ་ལྔ་ཚན་བཅོ་ལྔ་པར”ཕྱོགས་སྐབས། གསོན་ཤུགས་སྔར་བས་འཕེལ་བ་དང་སྔར་བས་དྲང་གཞག་གི་ཁྲོམ་རའི་ཁོར་ཡུག་མུ་མཐུད་གཏོད་དེ་གཉེར་སྐྱོང་བྱེད་པོར་ཇི་ལྟར་བྱས་ནས་གཡས་གཞོགས་གཡོན་འདེགས་བྱེད་དགོས་སམ།
“ང་ཚོའི་ཀུང་སིར་ཡིད་རྟོན་དངུལ་བུན་བསྡུ་སྒྲིལ་གྱི་དཀའ་ངལ་འཕྲད་པས། འབྲེལ་ཡོད་སྡེ་ཚན་གྱིས་དངུལ་རྩའི་སྒྲིག་གཞིར་ཞིབ་མཆན་འགོད་པའི་མྱུར་ཚད་མགྱོགས་སུ་གཏོང་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་བཅས་ཡོད”ཅེས་མིན་ཧྲན་ཚོགས་པ་བོད་ཡུལ་རིག་གནས་ཡུལ་སྐོར་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཉེ་ཞུའེ་ཀྲི་ཡིས་དྲང་པོ་དྲང་གཞག་ངང་བཤད། མི་རིང་བའི་གོང་། ཉེ་ཞུའེ་ཀྲི་སོགས་ཁེ་ལས་མཁས་ཅན་གྱི་འཐུས་མི་7གདན་ཞུས་ལྟར་རང་སྐྱོང་ལྗོངས་སྲིད་གཞུང་དང་། རིགས་གཅིག་མཁས་ཅན་དང་མཁས་དབང་། ཁེ་ལས་མཁས་ཅན་བཅས་ཀྱི་འཐུས་མིའི་བཞུགས་མོལ་ཚོགས་འདུ་དང་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་མཉམ་འབྲེལ་ཚོགས་འདུར་ཞུགས་པ་དང་། ཚང་མས་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་ཁྲོད་གནས་པའི་གནད་དོན་ཐད་ནས་དཀའ་ངལ་ཐད་ཀར་བརྗོད་པ་དང་གྲོས་འགོ་ཡང་བཏོན་པ་རེད།
“ཚོགས་འདུ་གྲོལ་རྗེས། འབྲེལ་ཡོད་སྡེ་ཚན་གྱིས་འཕྲལ་མར་ང་ཚོར་འབྲེལ་གཏུག་བྱས་ནས་བཞུགས་མོལ་ཚོགས་འདུ་ཐེངས་2འཚོགས་པ་མ་ཟད། འབྲེལ་ཡོད་དངུལ་ཁང་གིས་ཀྱང་རྗེས་སྙེག་བརྟག་དཔྱད་ཧུར་ཐག་བྱས་ཡོད”ཅེས་ཉེ་ཞུའེ་ཀྲིས་བཤད།
དོན་དངོས་ཐོག་ད་ལོ་ཚུན་དུ། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་ཁག་གིས་ཁེ་ལས་ཀྱི་རེ་ཞུར་ཐད་ཀར་ཕྱོགས་ཏེ་དངུལ་རྩའི་ལས་ཁུངས་དང་མཉམ་དུ་སྒོ་རྩར་ཞབས་འདེགས་ཞུས་པ་དང་། “ལུས་ལ་ཚད་ནས་གོས་འཚེམ་པ”བཞིན་གཉེར་སྐྱོང་བྱེད་པོར་རྒྱབ་སྐྱོར་གནད་སྨིན་བྱས་ཡོད། ཟླ་10པའི་ཟླ་མཇུག་བར། ལྗོངས་ཡོངས་སུ་ཁྱོན“དངུལ་ཁང་དང་། སྲིད་གཞུང་། ཁེ་ལས”བཅས་འབྲེལ་མཐུད་ཀྱི་བྱེད་སྒོ་ཐེངས་127སྒྲིག་འཛུགས་བྱས་ནས་རིམ་རྩིས་བརྒྱབ་ན་ཡིད་རྟོན་དང་ལེན་ཁེ་ལས་1030དང་མ་དངུལ་སྒོར་དུང་ཕྱུར་49.5ཟིན་པ་དང་། ཁེ་ལས་འབྲིང་ཆུང་ལ“དངུལ་ཁྲལ་མཉམ་འགུལ”ལ་བརྟེན་ནས་དངུལ་ཁང་གི་དངུལ་བུན་ཁག་1778རག་པར་མ་དངུལ་སྒོར་དུང་ཕྱུར་18.96ཟིན་ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་། དེ་བས་བརྟན་ལྷིང་དང་། དྲང་གཞག ཁ་གསལ། སྔོན་དཔག་ཐུབ་པ་བཅས་ཀྱི་འཕེལ་རྒྱས་ཁོར་ཡུག་གཏོད་ཆེད། རང་སྐྱོང་ལྗོངས་ཀྱིས་ལས་དོན་ཡང་ཡང་སྤེལ་བ་དང་། ལྗོངས་ཡོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་ཚོང་འགུགས་མ་འདྲེན་གྱི་ལས་དོན་ཚོགས་འདུ་སྔ་རྗེས་སུ་འཚོགས་ནས། 《བོད་རང་སྐྱོང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་སྲོལ་ཡིག》དང《བོད་རང་སྐྱོང་ལྗོངས་ཀྱི་ཚོང་གཉེར་བྱེད་པོའི་གསོན་ཤུགས་སྔར་བས་འཕེལ་བར་བྱས་ཏེ་མ་འཇོག་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་འགའ་ཞིག》སོགས་བཏོན་ནས་ལག་ལེན་བསྟར་བ་དང་། ཚོང་གཉེར་ཁོར་ཡུག་གི་ཞན་ཆར་དམིགས་ཏེ་རྒྱུ་རྐྱེན་ཧྲིལ་པོ་དང་། འཁོར་འབྲེལ་ཧྲིལ་པོ། དུས་འཁོར་ཧྲིལ་པོ་བཅས་ཀྱི་ཞབས་ཞུའི་ནུས་པ་མུ་མཐུད་ཆེ་རུ་བཏང་བ། དུས་ཚིགས་གཞིར་བཟུང་སྲིད་གཞུང་དང་ཁེ་ལས་དབར་སྤེལ་རེས་བཞུགས་མོལ་ཚོགས་འདུ་འཚོགས་ནས་འབྲེལ་གཏུག་ཐབས་ལམ་ཤར་གཏོང་དང་སྲིད་གཞུང་དང་ཁེ་ལས་དབར་གྱི་བསམ་ཤེས་དང་ཡིད་ཆེས་ཟབ་ཏུ་བཏང་བ་སོགས་བྱས་པ་རེད།
སྡེ་ཚན་ཁག་གིས་ཀྱང་བྱ་སྤྱོད་ཧུར་ཐག་སྤེལ་ཞིང་རང་སྐྱོང་ལྗོངས་མ་འཇོག་སྐུལ་སྤེལ་ཅུས་ཀྱིས་ད་ལོ་ཁོ་ནར་སྲིད་གཞུང་དང་ཁེ་ལས་དབར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་4འཚོགས་ཏེ་ཁེ་ལས་ཀྱི་རེ་ཞུ་ཁག་112འབྱོར་བ་ཚང་མར་ལན་ནུས་ལྡན་སློག་པའམ་ཡང་ན་ཐག་གཅོད་འོས་འཚམ་བྱས་པ་རེད།
“རང་འགུལ་ངང་བྱས་རྗེས་འཇོག་པ་དང་སྔ་སྣུར་དུ་ཞབས་འདེགས་ཞུ་བའི”བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་བརྡ་རྟགས་གསལ་པོ་བསྟན་པ་སྟེ། བློ་བརྟན་འགྱུར་མེད་ངང་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་ནས་གཉེར་སྐྱོང་བྱེད་པོ་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བར་ཐབས་བརྒྱ་ཇུས་སྟོང་ངང་རྒྱབ་སྐྱོར་བྱས་པ་དེ་རེད།
ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བར་ཞབས་འདེགས་ནི་གཙོ་བོ་ཡིན་ཞིང་། “བརྒྱུད་རིམ་ཧྲིལ་པོར་སྐར་མ་10ལས་མི་འགོར་བས་སྟབས་ཧ་ཅང་བདེ་པོ་འདུག”ལྷ་སའི་རིམ་གསུམ་སྲིད་དོན་ཞབས་ཞུའི་ཚོམས་ཆེན་གྱི་ཆུ་ཚོད་24ཡི་རང་འགུལ་ཞབས་ཞུའི་ཁུལ་དུ་གྲོང་མི་ཉི་མ་འབྲུག་གྲགས་ཀྱིས་རིག་ནུས་ཞིབ་མཆན་འགོད་པའི་ལས་སྒོ་ཧྲིལ་པོ་སྒྲུབ་པའི་འཕྲུལ་འཁོར་ལ་བརྟེན་ནས་རང་ཉིད་ཀྱི་ཁེ་ལས་ལ་ལས་གཉེར་ལག་ཁྱེར་གཉེར་བ་རེད།
ལག་རྩལ་ལ་བརྟེན་ནས་མཐུན་རྐྱེན་སྦྱར་བས་བཅོས་སྒྲིག་ལ་ཕན་འབྲས་དེ་བས་ཆེ་བ་ཐོན་ཞིང་། རང་སྐྱོང་ལྗོངས་ཀྱིས་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་སྒུལ་ཤུགས་གཙོ་བོར་བྱེད་པ་དང་། དྲ་ཐོག་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། “ནུས་ཆེའི་ངང་བྱ་བ་ཞིག་སྒྲུབ་པར”དམིགས་ཏེ་སླར་ཡང་ལས་སྒོའི་བརྒྱུད་རིམ་གཏོད་པ། “42+1”གཙོ་གནད“བྱ་བ་གཅིག”ལོ་མཇུག་གོང་ཚང་མ་དྲ་ཐོག་ཏུ་ཚོད་ལྟའི་ངང་སྤྱོད་ཐུབ་པ་བཅས་བྱས་ནས་ཁེ་ལས་དང་མང་ཚོགས་ཀྱིས་བྱ་བ་སྒྲུབ་པའི་མྱོང་ཚོར་དེ“སྐར་ཁུང་མང་པོར་ཐེངས་མང་སྐྱོད་དགོས་པ”ནས“དྲ་ཐོག་ནས་ཐེངས་གཅིག་ལ་བསྒྲུབས་པའི”བར་གྱི་རྩ་བའི་རང་བཞིན་གྱི་མཆོང་སྐྱོད་ཐུབ་པར་སྐུལ་འདེད་ཐུབ་རེ་ཡོད་པ་རེད།
“ཀུན་ལ་ཕན་འདོགས་ཐུབ་པ”དགོས་ལ“ཐིགས་ཆུ་གཏོང་ཐུབ་པ”དེ་བས་བྱེད་དགོས། རང་སྐྱོང་ལྗོངས་ཀྱིས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་དང་། ནུས་རྒྱུ་གཙང་མ། རིག་གནས་ཡུལ་སྐོར། བོད་སྨན་སོགས་ཐོན་ལས་འཕེལ་རྒྱས་ཁྲོད་གནས་པའི་མངོན་གསལ་དོད་པའི་གནད་དོན་དང་གཉེར་སྐྱོང་གི་བྱེད་པོའི་རེ་ཞུ་དང་གྲོས་འགོར་དམིགས་ཏེ་ཐོན་ལས་རོགས་སྐྱོར་དང་དངུལ་རྩའི་རྒྱབ་སྐྱོར་སོགས་སྲིད་ཇུས་བརྒྱུད“ཐིགས་ཆུ་གཏོང་བ་རྣམ་པའི”ཞབས་འདེགས་ཞུས་ནས་འཁོར་འབྲེལ་ཧྲིལ་པོ་དང་གྲངས་འཛིན་ཅན་གྱིས་ཁེ་ལས་ལ་ཞབས་འདེགས་ཞུ་བའི་ཁོར་ཡུག་གསར་པ་བཏོད་དེ“ཚོང་གཉེར”དེ“གྲུབ་འབྲས་ཐོབ་པའི་ཚོང་པར”འགྱུར་བར་ཕྱོགས་ཡོངས་ནས་སྐུལ་འདེད་ནུས་ལྡན་གཏོང་བའི་དུས་མཚམས་སུ་སླེབས་པར་བྱས་ཡོད།
“སྲིད་ཇུས་ཁག་གི་རྒྱབ་སྐྱོར་འོག་ང་ཚོ་བཟོ་ཁང་ཆུང་ཆུང་ཞིག་ནས་དེང་རབས་ཅན་གྱི་ཁེ་ལས་ཤིག་ཏུ་གྱུར་ཡོད། 2024ལོར། ཀུང་སིའི་ཚོང་ཟོག་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་སྒོར་ཁྲི་1218ཟིན་ནས‘བོད་ལྗོངས’རྟགས་ཅན་གྱི་ཐོན་རྫས་དེ་བས་མང་བ་ས་མཐོ་ནས་འཛམ་གླིང་གི་ཕྱོགས་སུ་བསྐྱོད་ཡོད”ཅེས་བོད་ལྗོངས་ཧྲེང་ཤིན་བཟོ་ཚོང་ཚད་ཡོད་ཀུང་སིའི་ཕྱི་ཕྱོགས་ཚོང་དོན་གྱི་ཅིང་ལི་ཚེ་དབང་ནོར་བུས་ངོ་སྤྲོད་བྱས།
ད་ལོའི་ཟླ་11པའི་ཟླ་མཇུག་བར། ལྗོངས་ཡོངས་ཀྱི་གཉེར་སྐྱོང་བྱེད་པོ་བསྡོམས་ཁྲི་60.93ཟིན་པ་དེ་དུས་མཚུངས་ལས་10.73%འཕར་བའི་ནང་དམངས་གཉེར་དཔལ་འབྱོར་གྱི་བྱེད་པོས་97%ཡན་བཟུང་ཡོད། ཁེ་ལས་དེ་བས་མང་བས་བོད་དུ་གཞི་ཚུཌ་པ་དང་བྱ་གཞག་གཏོད་རྒྱུའི་གདམ་ག་བྱེད་བཞིན་ཡོད།
“ལོ་ལྔ་ཚན་བཅོ་ལྔ་པའི”རིང་ནི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེན་ཞིག་ཡིན་པ་དང་། ཐོན་ཁུངས་ཀྱི་ལེགས་ཆ་དང་། ས་བབ་ཀྱི་ལེགས་ཆ། རྗེས་ཐོན་ཁྱད་ཡོན་བཅས་གཅིག་ཐོག་གཅིག་བརྩེགས་ཀྱིས་གཉེར་སྐྱོང་བྱེད་པོ་ཁག་ལ་ཐུན་མོང་མ་ཡིན་པའི་འཕེལ་རྒྱས་ཀྱི་བར་མཐོངས་མཁོ་འདོན་བྱ་རྒྱུ་རེད། རང་སྐྱོང་ལྗོངས་མ་འཇོག་སྐུལ་སྤེལ་ཅུས་ཀྱི་ཅུས་ཀྲང་ཝང་ཡིའུ་ཧྭ་ཡིས། གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་ལས་རིགས་ལ་མུ་མཐུད་དམིགས་ཏེ“སྲིད་དོན་ཞབས་ཞུ་ཚད་ལྡན་ཅན་དུ་འགྱུར་བ”དམ་འཛིན་བྱ་གཞིར་བྱས་ནས“ཕན་འབྲས་ཆེན་པོས་བྱ་བ་གཅིག་སྒྲུབ་པའི”སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ་ཁེ་ལས་ལ་ཕྱོགས་ཡོངས་དང་བརྒྱུད་རིམ་ཧྲིལ་པོའི་ཞབས་འདེགས་ཞུས་ནས་ནམ་ཡང་འཕེལ་རྒྱས་འགྲོ་བའི་ཚོང་གཉེར་ཁོར་ཡུག་གི“རིམ་སྤོར་པར་གཞི”ཞིག་གཏོད་ཀྱི་ཡིན་ཞེས་བཤད།
འབྲེལ་ཡོད་གསར་འགྱུར།