མཚོ་སྔོན་དུ“མཁའ་དབྱིངས་དང་། བར་སྣང་། ས་གཞི་བཅས་གཞི་གཅིག་ཅན”གྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་མངོན་འགྱུར་བྱུང་བ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཟླ་12ཚེས་18ཉིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་ནས་ཤེས་རྟོགས་བྱུང་བར། “མཚོ་སྔོན་གྱི་སྐྱེ་ཁམས་སྐར་ཁུང”རྒྱང་སྦྲེལ་དྲ་རྒྱའི་བརྙན་ལམ་ལྟ་དཔྱད་ཚད་འཇལ་མ་ལག་གི་བརྙན་ལམ་ལྟ་དཔྱད་ཚད་འཇལ་ས་ཚིགས་76བཙུགས་ཟིན་པ་དང་། ཚན་རྩལ་གྱིས་ལྟ་འདོམས་ལ་མཐུན་རྐྱེན་སྦྱོར་བ་དང་ལྟ་དཔྱད་ཚད་འཇལ་ལག་རྩལ་གྲངས་རིག་ཅན་ལ་ཕྱོགས་སྒྱུར་མགྱོགས་སུ་བཏང་ཡོད་པ་རེད།
མཚོ་སྔོན་གྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་72ཟིན་གྱི་ཡོད་ཅིང་། ས་རྒྱ་ཆེ་ཞིང་མི་འབོར་ཉུང་བ་དང་ལྟ་འདོམས་བྱེད་རྒྱ་ཆེ་བ་སོགས་ཀྱི་དོན་དངོས་ལ་དམིགས་ཏེ། “མཁའ་དབྱིངས་དང་། བར་སྣང་། ས་གཞི་བཅས་གཞི་གཅིག་ཅན”གྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་དྲ་རྒྱའི་མ་ལག་བསྐྲུན་ནས། གཙང་གསུམ་ཆུ་འགོ་དང་མདོ་ལ་རིང་མོ་སོགས་སྐྱེ་ཁམས་ཁུལ་ཆེན་ལྔ་དང་དེ་བཞིན་གཙོ་གནད་གཏོར་སྐྱོན་ཕོག་སླ་བའི་ས་ཁོངས་སུ་ཁེབས་པ་དང་། དཔེ་མཚོན་ས་ཁོངས་ཀྱི་སྐྱེ་ཁམས་རྣམ་པ་དང་། རང་བྱུང་ཡུལ་ལྗོངས། དེ་བཞིན་རི་སྐྱེས་སྲོག་ཆགས་བཅས་ལ་རྒྱང་རིང་དང་། ཁྱབ་རྒྱ་ཆེ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་སྐབས་བབ་གསལ་ཆ་ཆེ་བའི་ལྟ་དཔྱད་ཚད་འཇལ་བྱེད་ཐུབ་ཀྱི་ཡོད། “མཚོ་སྔོན་གྱི་སྐྱེ་ཁམས་སྐར་ཁུང”རྒྱང་སྦྲེལ་དྲ་རྒྱའི་བརྙན་ལམ་ལྟ་དཔྱད་ཚད་འཇལ་མ་ལག་དེར་དང་ཐོག་ས་ཚིགས་6ལས་མེད་པ་ནས་ད་ཆའི་ས་ཚིགས་76བར་མང་དུ་སོང་བས། མཚོ་སྔོན་གྱི་སྐྱེ་ཁམས་ལྟ་དཔྱད་ཚད་འཇལ་ལག་རྩལ“ལྟ་དཔྱད་ཚད་འཇལ་ས་ཚིགས་རྐྱང་པ”ནས“དྲ་རྒྱ་ཡོངས་ལ་ཁྱབ་པ”དང་། “གྲངས་གཞི་འཚོལ་བསྡུ”ནས“རིག་ལྡན་མཐུན་སྦྱོར”དུ་རིམ་སྤོར་བྱུང་བར་བདེན་དཔང་ཐུབ་ཡོད་པ་རེད།
2017ལོར། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་ཆ་འཕྲིན་ལྟེ་གནས་འདི་ཁོར་ཡུག་སྲུང་སྐྱོང་སྒྲིག་བཀོད་སྤྱི་དམངས་ལ་ཕྱོགས་པའི་ཚན་པ་ཁག་དང་པོར་བདམས་པ་དང་སྦྲགས། ལྟ་ཞིབ་ཚད་ལེན་དང་། དྲིལ་བསྒྲགས། མཉམ་ཞུགས་བཅས་གཞི་གཅིག་གི་ཕྱོགས་བསྡུས་ལས་སྟེགས་ཤིག་ཡིན་པའི་ངོས་ནས། “མཚོ་སྔོན་གྱི་སྐྱེ་ཁམས་སྐར་ཁུང”དེ་ཉིད་སྐྱེ་ཁམས་ཤེས་དཔལ་དྲིལ་བསྒྲགས་སློབ་གསོའི་འཐབ་ས་གལ་ཆེན་ཞིག་ཏུ་གྱུར་པ་དང་། ཆེད་ལས་ཀྱི་ལྟ་དཔྱད་ཚད་འཇལ་སྒྲིག་བཀོད་དག་ཀྱང་སྤྱི་དམངས་ཀྱིས་མཉམ་སྤྱོད་དང་མཉམ་འགུལ་ཐུབ་པའི་ཁོར་ཡུག་སློབ་གསོའི་སློབ་ཁང་དུ་གྱུར་ཏེ། དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་ལ་བརྟེན་ནས་སྐྱེ་ཁམས་ཀྱི་མཛེས་པའི་མིང་གྲགས་ཕྱོགས་བཅུར་ཁྱབ་སྟེ། རིམ་རྩིས་བརྒྱབ་ན་དྲ་ཕྱིའི་ལྟ་སྐོར་བྱེད་མཁན་ཁག་ཐེངས་600ལྷག་ཙམ་དང་མི་ཐེངས་6000ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་། རྒྱུན་མཐུད་ཐད་གཏོང་སོགས་བརྒྱུད་ནས་རིམ་རྩིས་བརྒྱབ་ན་དྲ་ཐོག་ལ་ལྟ་མཁན་ཐེངས་ཁྲི་6000ལྷག་ཙམ་ཟིན་ནས། སྐྱེ་ཁམས་ཁོར་ཡུག་གི་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་དང་སློབ་གསོའི་བྱེད་ནུས་གང་ལེགས་ཐོན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།