དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཁམ་ཕུ་ཁྲེ་ཡིས་ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་མ་དཔེ་བཏོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  དབང་ཝུན་པིན།   |     སྤེལ་དུས།  2025-12-27

    ད་ལོའི་ཟླ་4པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་9ཡི་རྗེས་སླར་ཡང་ཁམ་ཕུ་ཁྲེར་རྒྱལ་དོན་འཚམས་འདྲི་གནང་བ་དང་། ཁམ་ཕུ་ཁྲེའི་ཕྱོགས་ཀྱི་ཚད་གཞི་མཐོ་བའི་གུས་ལུགས་ཞུ་སྟངས་དེ་ལྟ་བུ་ལོ་རྒྱུས་ཐོག་སྔར་བྱུང་མྱོང་མེད། རྒྱལ་པོ་ཤིས་ཧཱ་མུའུ་ཉི་ཁྲིར་འཁོད་ནས་ལོ་20སོང་རིང་གནམ་ཐང་དུ་ཐོག་མར་ཕེབས་ནས་ཕྱི་ཕྱོགས་ཀྱི་སྐུ་མགྲོན་ལ་བསུ་བ་ཞུས་པ་མ་ཟད། གནམ་ཐང་དུ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་འཚོགས་པ་དང་། ཁམ་ཕུ་ཁྲེའི་མི་དམངས་ཏང་གི་ཀྲུའུ་ཞི་དང་གྲོས་ཁང་གོང་མའི་ཀྲུའུ་ཞི་ཧུང་སེན་གྱིས་དབུ་བཞུགས་བློན་ཆེན་ཧུང་མ་ནའེ་དང་། དབུ་བཞུགས་བློན་ཆེན་གཞོན་པ་ཧུང་མ་ཉི། རྒྱལ་པོ་ཚང་གི་དམག་མིའི་སྐམ་དམག་གི་དམག་སྤྱི་གཞོན་པ་ཧུང་མ་ནཱ་བཅས་དང་མཉམ་དུ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ཞལ་གྱེས་ཞུ་བར་ཡོང་བ། ས་གནས་དེ་གའི་དམངས་ཚོགས་ཁྲི་གྲངས་ཁ་ཤས་ཀྱིས་ལམ་རྒྱུད་དུ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་བསུ་སྐྱེལ་ཞུ་བར་སླེབས་པའི་རྣམ་པ་དེ་ནི་སེམས་འགུལ་ཟབ་མོ་ཐེབས་འོས་པ་ཞིག་ཡོད།

    ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ཐེངས་ཀྱི་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲི་གནང་བ་དེ་ལས་ཀྲུང་གོ་དང་ཁམ་ཕུ་ཁྲེའི་མཛའ་གཅུགས་བཟང་པོ་དང་གཞོམ་ཞིག་བྲལ་བའི་མཛའ་གྲོགས་ཟབ་མོ་གང་ལེགས་མངོན་ཡོད། ཕྱོགས་གཉིས་པོས་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས་མཉམ་ལས་ཡིག་ཆ་37ལ་མིང་རྟགས་བཀོད་དེ་ཀྲུང་གོ་དང་ཁམ་ཕུ་ཁྲེའི་འབྲེལ་བའི་ངེས་གནས་དེ་དུས་རབས་གསར་པའི་རྣམ་པ་ཀུན་གྱི་ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་དབང་གཅིག་མཐུན་ཚོགས་པའི་མཐོ་ཚད་གསར་པར་རིམ་སྤོར་བྱས་ཡོད། དེ་ནི་ཀྲུང་གོས་ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་དང་ཕྱོགས་གཉིས་པོའི་འབྲེལ་བ་དེ་རྣམ་པ་ཀུན་གྱི་མཐོ་ཚད་དུ་རིམ་སྤོར་བྱེད་ཐེངས་དང་པོ་ཡིན་ལ། ཕྱོགས་གཉིས་པོས་བསྐྲུན་པའི་དུས་རབས་གསར་པའི་རྣམ་པ་ཀུན་གྱི་ལས་དབང་གཅིག་མཐུན་ཚོགས་པ་ཐོག་མ་དེའང་ཡིན་པས། ཀྲུང་གོ་དང་ཁམ་ཕུ་ཁྲེའི་འབྲེལ་བའི་འཕེལ་རྒྱས་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

    ལོ་ཕྱེད་ལྷག་ཙམ་རིང་། ཀྲུང་གོ་དང་ཁམ་ཕུ་ཁྲེ་རྒྱལ་ཁབ་གཉིས་པོས་དུས་ཚོད་ཀྱིས་ང་མི་སྒུག་པའི་སྙིང་སྟོབས་ཐོག་ནས་འཚམས་འདྲིའི་གྲུབ་འབྲས་དོན་འཁྱོལ་བྱས་པས། ཕྱོགས་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་རྒྱུན་མཐུད་ཐུབ་པ་དང་། དཔལ་འབྱོར་ཚོང་དོན་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ། མི་ཆོས་རིག་གནས་སྤེལ་རེས་ཉིན་རེ་བཞིན་ཟབ་ཏུ་ཕྱིན་ཏེ་ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་རྒྱུ་དེ་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད་པ་རེད།

    ད་ལོའི་ཟླ་དང་པོ་ནས་དགུ་པའི་བར། རྒྱལ་ཁབ་གཉིས་པོའི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་142ཟིན་པ་དེ་དུས་མཚུངས་ལས་27.5%འཕར་བ་དང་ཀྲུང་གོས་ཁམ་ཕུ་ཁྲེར་མ་འཇོག་བྱས་པ་དེས་ཁམ་ཕུ་ཁྲེའི་མ་འཇོག་བསྡོམས་འབོར་གྱི་53%ཙམ་བཟུང་ཡོད། ཀྲུང་གོ་དང་ཁམ་ཕུ་ཁྲེའི“ཕ་ལམ་ཟུར་དྲུག”གི་མཉམ་ལས་སྒྲོམ་གཞི་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང“བཟོ་ལས་འཕེལ་རྒྱས་བར་ཁྱམས”དང“ཉ་འབྲས་བར་ཁྱམས”འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། ཤིས་ཧ་ནུའུ་ཁེ་གྲུ་ཁའི་དཔལ་འབྱོར་དམིགས་བསལ་ཁུལ་དུ་བཅའ་སྡོད་ཁེ་ལས་200ལྷག་ཙམ་ཟིན་པ་དེས་ས་གནས་དེ་གར་ལས་ཞུགས་ལས་གནས་ཁྲི་3.2ཙམ་བཏོད་ཡོད།

    ཀྲུང་གོ་དང་ཁམ་ཕུ་ཁྲེའི་མཛའ་གྲོགས་ཟབ་མོ་དེ་ཉིད་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་ཆེའི་རྒྱུ་ནོར་ལ་གྱུར་ཡོད་པས་ཕྱོགས་གཉིས་པོས་གཅེས་སྤྲས་ལྡབ་བརྒྱ་བྱེད་དགོས། འགྱུར་ལྡོག་དང་ཟང་ཟིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ་ང་ཚོས་ཁམ་ཕུ་ཁྲེ་དང་མཉམ་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁམ་ཕུ་ཁྲེར་འཚམས་འདྲི་གནང་སྐབས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱ་རྒྱུ་གཙོ་རྐང་དུ་བྱས་ཏེ་དུས་རབས་གསར་པའི་རྣམ་པ་ཀུན་གྱི་ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་དེ་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད།

    (རྩོམ་པ་པོ་ནི་ཁམ་ཕུ་ཁྲེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཡིན)

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།