ཁམ་ཕུ་ཁྲེ་མི་དམངས་ཀྱི་དགའ་གུས་ཆེན་པོ་ཐོབ་པའི་རླབས་ཆེན་གྱི་གྲོགས་པོ།

ཀྲུང་གོའི་ཁེ་ལས་ཀྱིས་བསྐྲུན་ཞིང་ཁམ་ཕུ་ཁྲེའི་གནམ་ཐང་ཆེ་ཤོས་ཡིན་པའི་ཏེ་ཁྲུང་རྒྱལ་སྤྱིའི་གནམ་ཐང་ད་ལོའི་ཟླ་བ་དགུ་པར་དངོས་སུ་སྤྱོད་འགོ་ཚུགས་ཤིང་། འདི་ནི་ད་ལོའི་ཟླ་3པར་པར་ལེན་བྱས་པའི་ཨར་སྐྲུན་བྱེད་རིང་གི་ཏེ་ཁྲུང་རྒྱལ་སྤྱིའི་གནམ་ཐང་ཡིན་པ།
ད་ལོའི་ཟླ་4ཚེས་17དང་ཚེས་18ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁམ་ཕུ་ཁྲེའི་སྲོལ་རྒྱུན་གྱི་ལོ་གསར་སྐབས་སུ་ཁམ་ཕུ་ཁྲེར་རྒྱལ་དོན་འཚམས་འདྲིར་ཕེབས་པ་རེད། ང་རང་ཕ་ནོམ་ཕེན་རྒྱལ་སྤྱིའི་གནམ་ཐང་དུ་འཚོགས་པའི་དགའ་བསུ་ཞུ་བའི་མཛད་སྒོར་ཞུགས་སྐལ་བྱུང་ཞིང་། ཡུལ་དངོས་སུ་མི་རྣམས་ཀྱི་ངོ་གདོང་ནས་དགའ་མགུ་དང་སེམས་འགུལ་ཚད་མེད་ཐེབས་པའི་རྣམ་འགྱུར་མངོན་གྱི་འདུག
འདི་ནི་རྒྱལ་པོ་ཤིས་ཧ་མོ་ཉི་ཁྲི་ལ་འཁོད་ནས་ལོ་20སོང་བའི་རིང་ལ་གནམ་གྲུ་ཐང་དུ་ཕྱི་རྒྱལ་གྱི་སྐུ་མགྲོན་ལ་བསུ་བ་ཞུ་ཐེངས་དང་པོ་དང་གནམ་གྲུ་ཐང་དུ་དགའ་བསུ་ཞུ་བའི་མཛད་སྒོ་ཚོགས་ཐེངས་དང་པོ་ཡིན་པ་ལས། ཁམ་ཀྲུང་རྒྱལ་ཁབ་གཉིས་པོའི་དབར་གྱི་མཛའ་གྲོགས་བློས་ཐུབ་ཀྱི་འབྲེལ་བ་གང་ལེགས་མཚོན་གྱི་ཡོད།
ཀྲུའུ་ཞི་ཞི་ཅིན་ཕིང་ནི་ཁམ་ཕུ་ཁྲེའི་མི་དམངས་ཀྱི་དགའ་གུས་ཆེན་པོ་ཐོབ་པའི་གྲོགས་པོ་རླབས་ཆེན་ཞིག་རེད། ཀྲུའུ་ཞི་ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ཏེ་གནམ་གྲུ་ཐང་ནས་གསོལ་མགྲོན་ཁང་ལ་ཕེབས་ལམ་དུ་ས་གནས་དེ་གའི་མང་ཚོགས་དང་། ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ། ཀྲུང་གོའི་མ་འཇོག་ཁེ་ལས། ཕྱི་སྦྱོང་སློབ་མའི་འཐུས་མི་བཅས་ཁྲི་གཉིས་ལྷག་ཙམ་གྱིས་ཁྲོམ་གཞུང་གི་གཞོགས་གཉིས་སུ་འཛོམས་ཤིང་། ལ་ལས་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པའི་སྐུ་པར་མཐོན་པོར་བཏེགས་པ་དང་ལ་ལས་རྒྱལ་ཁབ་གཉིས་པོའི་རྒྱལ་དར་གཡུག་གཡུག་བྱེད་པའི་རྣམ་པ་སྤྲོ་སེམས་འཁོལ་ལ་འཁྲུག་ཆ་ཡང་ཤིན་ཏུ་དོད། འཚམས་འདྲི་གནང་རིང་། ཕ་ནོམ་ཕེན་གྱི་གང་ས་ཀུན་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་གུས་བཀུར་ཞུ་ལུགས་དང་ཀྲུང་གོར་མཛའ་གྲོགས་ཀྱི་བརྩེ་བ་ཟབ་མོ་འཆང་ལུགས་གང་ལེགས་མཚོན་གྱི་ཡོད།
ཚེས་17ཉིན་གྱི་ཕྱི་དྲོར། རྒྱལ་པོ་ཤིས་ཧ་མོ་ཉིས་ཕ་ནོམ་ཕེན་རྒྱལ་པོའི་ཕོ་བྲང་དུ་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཇལ་འཛོམས་གནང་བ་དང་འབྲེལ། ཀྲུའུ་ཞི་ཞི་ཅིན་ཕིང་ལ“ཁམ་ཕུ་ཁྲེ་རྒྱལ་ལྡན་རྒྱལ་ཁབ་ཀྱི་མི་རིགས་རང་བཙན་གྱི་མགུལ་རྒྱན་ཆེན་པོ་རིམ་པའི་བྱས་རྗེས་གཟེངས་རྟགས”ཀྱང་གནང་བ་ནི་ཁམ་ཕུ་ཁྲེ་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཆེ་ཤོས་རེད། “ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁམ་ཕུ་ཁྲེར་དམིགས་བསལ་མཛའ་གྲོགས་ཀྱི་བརྩེ་སེམས་བཅངས་གནང་སྟེ། ཁམ་ཀྲུང་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་གཟེངས་སུ་ཐོན་པའི་ལེགས་སྐྱེས་ཕུལ་ཡོད། ཁོང་ནི་ཁམ་ཕུ་ཁྲེའི་གྲོགས་པོ་རླབས་ཆེན་ཞིག་ཡིན”ཞེས་རྒྱལ་པོ་ཤིས་ཧ་མོ་ཉི་ཡིས་བརྩེ་བ་ཟབ་མོས་གསུངས་པ་རེད།
ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུའུ་ཞི་ཧུང་སེན་རྣམ་གཉིས་ཀྱིས་ཕ་ནོམ་ཕེན་ཞི་བདེ་ཁང་ཆེན་དུ་མཇལ་འཛོམས་གནང་སྐབས་ང་ཡང་མཉམ་དུ་ཡོད། ཕྱོགས་གཉིས་པོས་ཐུན་མོང་ཐོག་འགོ་ཁྲིད་རྒན་རབས་ཚོས་བཙུགས་གནང་བའི་མཛའ་གྲོགས་ཟབ་མོའི་འབྲེལ་བར་ཕྱིར་དྲན་གནང་བ་མ་ཟད། ད་དུང་མ་འོངས་པའི་མཉམ་ལས་སྐོར་སྤེལ་རེས་གནང་སོང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁམ་ཕུ་ཁྲེས་རྒྱལ་ཁབ་འཕེལ་རྒྱས་དང་དར་རྒྱས་ཀྱི་ལམ་བུར་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཡངས་སུ་འགྲོ་རྒྱུ་ཡིན་པར་ཀྲུང་གོ་ཕྱོགས་ཀྱིས་ཡིད་ཆེས་ཡོད་ལ། སྔར་རྒྱུན་བཞིན་ཁམ་ཕུ་ཁྲེ་མི་དམངས་ཏང་གིས་ཁམ་ཕུ་ཁྲེའེ་མི་དམངས་ཀྱི་སྣེ་ཁྲིད་དེ་རྒྱལ་ཁབ་བརྟན་ལྷིང་དང་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པར་རྒྱབ་སྐྱོར་དང་། ས་ཁུལ་དང་རྒྱལ་སྤྱིའི་གར་སྟེགས་སྟེང་དུ་ཁམ་ཕུ་ཁྲེས་ནུས་པ་སྔར་ལས་གལ་ཆེན་པོ་འདོན་པར་རྒྱབ་སྐྱོར་བྱེད་ཀྱི་ཡིན་ཞེས་ནན་བཤད་གནང་ཡོད། བཀའ་མོལ་དེ་དག་ཐོས་རྗེས་ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་།
མཐོ་རིམ་དབར་སྤེལ་རེས་དམ་ཟབ་བྱས་པ་ལས་ཁམ་ཀྲུང་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚུལ་སྔར་བས་བརྟན་དུ་ཕྱིན་ཡོད་ལ། རྒྱལ་ཁབ་གཉིས་པོས་ཕྱོགས་ཡོངས་ནས་དངོས་སྒྲུབ་མཉམ་ལས་བྱེད་པར་སྒུལ་ཤུགས་ཀྱང་བསྣན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེ་ཕྱོགས་ནས་ལག་ལེན་དུ་འཁྱོལ་བ་དང་རྒྱུན་མཐུད་ཐུབ་པའི་རྩ་དོན་གཞིར་བཟུང་། ཕུའུ་ནན་ཏེ་ཙུའོ་ཕྱོགས་བསྡུས་ཆུ་བེད་རྣམ་གྲངས་སྐྲུན་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཕུའུ་ནན་ཏེ་ཙུའོ་ཕྱོགས་བསྡུས་ཆུ་བེད་འཛུགས་སྐྲུན་རྣམ་གྲངས་ནི་ཁམ་ཕུ་ཁྲེའི་ལོ་བརྒྱའི་ཕུགས་འདུན་གྱི་རྣམ་གྲངས་ཤིག་རེད། རྣམ་གྲངས་དེས་ཁམ་ཕུ་ཁྲེའི་ནང་ཁུལ་ཆུའི་ཆུ་ཐོག་སྐྱེལ་འདྲེན་མ་ལག་མངོན་གསལ་དོད་པོས་ལེགས་སུ་འགྲོ་བ་དང་ཞིང་ལས་དང་། ཟོག་འགྲེམས། ལམ་རྒྱུད་ཀྱི་དཔལ་འབྱོར་འཕེལ་རྒྱས་བཅས་ལ་སྐུལ་ཁྲིད་ཐུབ་རེ་ཡོད་ལ། རྒྱལ་ཁབ་ཀྱི་འབྱུང་འགྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གཏིང་ཟབ་ལྡན་པ་ཞིག་རེད།
(རྩོམ་པ་པོ་ནི་ཁམ་ཀྲུང་མཛའ་གྲོགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཡིན་པ)
འབྲེལ་ཡོད་གསར་འགྱུར།