ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གཞུང་དོན་ཐིང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གཞུང་དོན་ཐིང་གིས།
《རུལ་སུངས་བྱེད་སྟངས་གསར་པ་དང་མངོན་མེད་རུལ་སུངས་ཀྱི་གནད་དོན་ལ་བརྟག་དཔྱད་བྱེད་པའི་དཔང་རྟགས་ཀྱི་ཁྲིད་སྟོན》བཀྲམ་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཚེས་24ཉིན། ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གཞུང་དོན་ཐིང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གཞུང་དོན་ཐིང་གིས《རུལ་སུངས་བྱེད་སྟངས་གསར་པ་དང་མངོན་མེད་རུལ་སུངས་གནད་དོན་ལ་བརྟག་དཔྱད་བྱེད་པའི་དཔང་རྟགས་ཀྱི་ཁྲིད་སྟོན》བཀྲམ་སྟེ། ཉེ་བའི་ལོ་ཤས་རིང་ཐོན་པའི་རུལ་སུངས་བྱེད་སྟངས་གསར་པ་དང་མངོན་མེད་རུལ་སུངས་ཀྱི་གནད་དོན་ལ་དམིགས་ནས་ཁྲིམས་གཏན་འཁེལ་བའི་དཔང་རྟགས་ཀྱི་ཚད་གཞི་གཞིར་བཟུང་། དཔང་ལེན་བསམ་ཕྱོགས་འཐུས་སྒོ་ཚང་དུ་གཏོང་བ་དང་དཔང་ལེན་གཙོ་གནད་ཁ་གསལ་བཟོས་ཏེ། རུལ་སུངས་བྱེད་སྟངས་གསར་པ་དང་མངོན་མེད་རུལ་སུངས་ཤེས་རྟོགས་དང་། དཔང་ལེན། ངོ་བོ་གཏན་འཁེལ་བཅས་ཀྱི་དཀའ་གནད་ནུས་ཤུགས་ཡོད་རྒུས་བསལ་ཏེ། རུལ་སུངས་བྱེད་སྟངས་གསར་པ་མི་ཐོན་པ་དང་མངོན་མེད་གབ་ས་མེད་པ་བཟོས་ཏེ་བརྟག་དཔྱད་དཔང་ལེན་གྱི་ལས་དོན་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་རེད།
གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། དཔང་རྟགས་ཀྱི་ཁྲིད་སྟོན་གྱིས་མངོན་གསལ་དོད་པའི་གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་། ལག་ལེན་གྱི་དགོས་མཁོར་དམིགས་ཏེ་ལས་ཐོག་ཉེས་གསོག་གི་ཉེས་དོན་འདྲི་གཅོད་དཔང་རྟགས་ལམ་སྲོལ་གྱི་ཚད་གཞི་དོན་འཁྱོལ་བྱེད་པ་དང་། དཔང་རྟགས་འཚོལ་བསྡུ་དང་། གཏན་འཁེལ། ཞིབ་བཤེར། བེད་སྤྱོད་བཅས་ཀྱི་འབྲེལ་ཡོད་བླང་བྱ་ཁ་གསལ་བཟོས་ཏེ། ཞིབ་བཤེར་བརྟག་དཔྱད་ལས་དོན་ལ་ཁྲིད་སྟོན་བྱས་ནས་ནུས་ཤུགས་ཡོད་རྒུས་ལས་ཐོག་ཉེས་གསོག་གི་གྱོད་གཞི་ཞིབ་གཅོད་བྱེད་ནུས་ཆེ་རུ་བཏང་ཡོད།
དཔང་རྟགས་ཀྱི་ཁྲིད་སྟོན་གྱིས་རུལ་སུངས་བྱེད་སྟངས་གསར་པ་དང་མངོན་མེད་རུལ་སུངས་ཀྱི་མཚོན་ཚུལ་ལ་དམིགས་ནས་རིགས་དབྱེ་ཅན་གྱི་ཕྱོགས་བསྡུས་བྱས་ཏེ་རིགས་ཉི་ཤུ་ལྷག་ཙམ་ལ་གསེད་བཀྲོལ་དབྱེ་ཞིབ་བྱས་པ་མ་ཟད། ཉེས་པ་བསགས་ཚུལ་ལ་དམིགས་ནས་དཔང་ལེན་གཙོ་གནད་དང་དཔང་རྟགས་ཀྱི་ཚད་གཞི་ཁ་གསལ་བཟོས་ཡོད། དཔང་རྟགས་ཀྱི་ཁྲིད་སྟོན་གྱི་འཆར་ཟིན་འགོད་རིང་ཁྲིམས་འཛུགས་ལས་ཁུངས་དང་། ཁྲིམས་འཛིན་ལས་ཁུངས། སྒྲིག་བཤེར་ལྟ་ཞིབ་ཁོངས་གཏོགས་བཅས་ཀྱི་འབྲེལ་ཡོད་ཚན་པ་ནས་བསམ་འཆར་རྒྱ་ཁྱབ་བསྡུ་ལེན་བྱས་པར་ཡོངས་ཁྱབ་ཀྱི་ཐུན་མོང་ངོས་འཛིན་དང་ཁས་ལེན་མགྲིན་གཅིག་ཏུ་ཐོབ་ཡོད།
ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་གྱོད་དོན་ཞིབ་གཅོད་ཁང་གི་འབྲེལ་ཡོད་འགན་ཁུར་བས། དཔང་རྟགས་ཀྱི་ཁྲིད་སྟོན་ནི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཐབས་ལམ་སྔར་བས་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་རུལ་སུངས་བྱེད་སྟངས་གསར་པ་དང་མངོན་མེད་རུལ་སུངས་ཀྱི་གནད་དོན་ཞིབ་གཅོད་བྱེད་པར་ཕྱོགས་ཡོངས་དང་། ཞིབ་ཕྲ། བཀོལ་སྤྱོད་ཆོག་པ་བཅས་ཀྱི་དཔང་ལེན་མཛུབ་ཁྲིད་བྱས་པ་དེས་ལྟ་ཞིབ་དབང་ཆ་སྔར་བས་ཚད་ལྡན་བཀོལ་སྤྱོད་དང་གྱོད་དོན་ཞིབ་གཅོད་བྱེད་པའི་སྤུས་ཚད་མཐོ་རུ་གཏོང་བར་ཕན་ཐོགས་ཡོད་ཅེས་བཤད་པ་རེད།
འབྲེལ་ཡོད་གསར་འགྱུར།