ཀྲེ་ཅང་ཧང་ཀྲོའུ་གྲོང་ཁྱེར་ཡུས་ཧང་ཆུས་ཀྱིས་ལེང་ཀྲུའུ་རིག་གནས་ཀྱི་བར་ཁྱམས་ཆེན་པོ་བསྐྲུན་པ།
རིག་གནས་ཤུལ་བཞག་སྲུང་སྐྱོང་བྱས། གྲོང་ཁྱེར་རིག་རྒྱུན་འཛིན་སྐྱོང་བཟང་།
དགུན་ཁར། ཀྲེ་ཅང་ཧང་ཀྲོའུ་གྲོང་ཁྱེར་ཡུས་ཧང་ཆུས་གནའ་གྲོང་ལེང་ཀྲུའུ་ཧྥན་ཧྲན་གནའ་ཤུལ་གྱི་གནའ་རྫས་རྟོག་ཞིབ་ས་ཚིགས་སུ། གནའ་རྫས་རྟོག་ཞིབ་རུ་མིས་གནའ་ཤུལ་ཞིག་གི་ངོས་སུ་རྩ་གསུམ་བརྙན་རིས་ཕབ་ལེན་བྱེད་བཞིན་ཡོད།
ལེང་ཀྲུའུ་གནའ་ཤུལ་ནི་ཀྲུང་ཧྭའི་ཤེས་དཔལ་ལ་ལོ་ངོ་ལྔ་སྟོང་གི་ལོ་རྒྱུས་ལྡན་པའི་བདེན་དཔང་འཁྲུལ་མེད་ཅིག་རེད། “སྔོག་འདོན་དང་ཞིབ་འཇུག་བྱེད་རིང་། ང་ཚོས་ཧྥན་ཧྲན་དང་ཆུ་བེད་ཁོངས་གཏོགས་ཀྱི་འབྲེལ་བ་དང་། དེ་བཞིན་ཧྥན་ཧྲན་རང་ངོས་ཀྱི་བར་མཐོངས་ཀྱི་གྲུབ་ཆའི་ཐད་ཤེས་རྟོགས་གལ་ཆེན་ཐུབ་བྱུང”ཞེས་ཀྲེ་ཅང་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་དང་གནའ་གྲོང་ལེང་ཀྲུའུ་དང་ཆུ་བེད་ཁོངས་གཏོགས་ཀྱི་གནའ་རྫས་རྣམ་གྲངས་ཀྱི་འགན་འཁུར་བ་ཝང་ཉིང་ཡོན་གྱིས་བརྗོད།
2023ལོའི་ཟླ་9པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲེ་ཅང་དུ་རྟོག་ཞིབ་གནང་སྐབས། “དུས་རབས་གསར་པར་རིག་གནས་ཀྱི་འགན་འཁྲི་གསར་པ་དེ་བས་ལེགས་པར་འཁུར་ཏེ། ལོ་རྒྱུས་ཀྱི་རིག་རྒྱུན་འཛིན་སྐྱོང་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་གཞན་འགྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས”ཞེས་ནན་བཤད་གནང་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཡུས་ཧང་ཆུས་ཀྱིས་ལེང་ཀྲུའུ་གནའ་ཤུལ་ལ་དམིགས་ནས་ལེང་ཀྲུའུ་རིག་གནས་ཀྱི་བར་ཁྱམས་ཆེན་པོ་བསྐྲུན་ཏེ་རིག་གནས་ཤུལ་བཞག་སྲུང་སྐྱོང་ལ་ཤུགས་ཧུར་ཐག་བརྒྱབ་པས། ལོ་ངོ་སྟོང་གི་རིག་རྒྱུན་འཛིན་སྐྱོང་ལ་སྐྱེ་སྟོབས་ཀྱི་གསོན་ཤུགས་རབ་ཏུ་རྒྱས་བཞིན་མཆིས།
ཡུས་ཧང་ཆུས་ཀྱིས་ནུས་པ་ཆེ་ཞིང་རིམ་པ་མཐོ་བའི་རིག་གནས་ཀྱི་ས་ཁམས་མཚོན་རྟགས་ཀྱི་ཚོ་འདུས་རྒྱུན་མཐུད་བཏོད་དེ། ལེང་ཀྲུའུ་རིག་གནས་ཀྱི་བར་ཁྱམས་ཆེན་པོའི་རྒྱུད་དུ་ལེང་ཀྲུའུ་གནའ་གྲོང་གི་གནའ་ཤུལ་སྤྱི་གླིང་དང་། “ཀྲུང་གོའི་དུས་རབས་རིམ་བྱུང་གི་རི་མོའི་ལུགས་ཆེ་ཁག”གི་རྩ་ཆེའི་རིག་དངོས་གཅེས་ཉར་ཁང་། ཡུས་ཧང་མཛེས་རྩལ་ཁང་སོགས་མུ་ཏིག་སྟར་ལ་བརྒྱུས་པ་བཞིན་དུ་བསྐྲུན་པར། སྤྱི་པའི་རིག་གནས་ཀྱི་བར་མཐོངས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད། ལེང་ཀྲུའུ་རིག་གནས་ཀྱི་བར་ཁྱམས་ཆེན་པོའི་ལྷོ་ངོས་སུ་ཡུས་ཧང་ཆུས་ཀྱིས་ཧང་ཀྲོའུ་གྲོང་ཁྱེར་གྱི་ལྟེ་བའི་ཁུལ་གསར་པའི་དཀྱིལ་ཐིག་སྐྲུན་པར་སྐུལ་འདེད་གཏོང་བཞིན་ཡོད་ཅིང་། ཡུས་ཧང་རྒྱལ་སྤྱིའི་ལུས་རྩལ་ལྟེ་གནས་དང་ཡུས་ཧང་རིག་གནས་སྒྱུ་རྩལ་ལྟེ་གནས་སོགས་སྤྱི་པའི་རིག་གནས་སྒྲིག་བཀོད་གལ་ཆེན་ཁག་གཅིག་ཚ་ཚ་འུར་འུར་ངངསྐྲུན་བཞིན་ཡོད་པ་རེད།
སྲུང་སྐྱོང་དང་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པའི་ཐད། ཡུས་ཧང་ཆུས་ཀྱིས་རིག་གནས་དམངས་ཕན་གྱི་ལམ་བུ་ཞིག་བཏོད་ཡོད་པ་རེད།
མི་རིང་བའི་གོང་། མིས་བཟོས་གཙང་པོ་ཆེན་པོའི(ཡུས་ཧང་དུམ་བུ)འབབ་རྒྱུད་ཀྱི་ཕྱོགས་བསྡུས་འགན་སྲུང་འདུ་འགོད(དུས་ཐེངས་གཉིས་པ)ཀྱི་རྣམ་གྲངས་ལེགས་གྲུབ་ཟིན་ནས་དེའི་འབབ་རྒྱུད་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་ཡོད། “མིས་བཟོས་གཙང་པོའི་རིག་གནས་དང་ལེང་ཀྲུའུ་རིག་གནས་མཉམ་འདྲེས་ཐུབ་པ་དེས་མིས་བཟོས་གཙང་པོའི་ཆུ་ཐོག་སྐྱེལ་འདྲེན་གྱི་ལོ་རྒྱུས་ཀྱི་རྗེས་ཤུལ་སོར་འཇོག་ཐུབ་པ་མ་ཟད། མཛེས་ལྗོངས་ཁུལ་དུ་སྒྲིག་བཀོད་ཆུང་གྲས་ཀྱང་མང་པོ་ཞིག་བསྣན་ཡོད”ཅེས་ལེང་ཀྲུའུ་རྟེན་མཛོད་ཁང་གི་ཞིབ་འཇུག་ཀོན་ཡོན་གཞོན་པ་ཀྲོའུ་སུའུ་ཡིས་བརྗོད།
སྲོལ་རྒྱུན་གྲོང་ཚོས་ཀྱང་རིག་གནས་གསར་གཏོད་ལ་བརྟེན་ནས་གསོན་ཤུགས་འཕེལ་བར་བྱས་ཡོད། ཅིང་ཧྲན་གྲོང་ཚོས་ལོ་ངོ་1200ལྷག་ཙམ་གྱི་ཇའི་རིག་གནས་ལ་བརྟེན་ནས། “ཅིང་ཧྲན་ཇ་ཡི་སྟོན་མོ”གཟབ་རྒྱས་བཤམས་ཏེ་ཡུལ་མིར་འབབ་འཕར་ཡོང་བར་སྐུལ་འདེད་བཏང་ཡོད། ཤིས་ཁོའུ་གྲོང་ཚོས་རྟེན་མཛོད་ཁང་བསྐྲུན་པ་དང་ཕ་ཡུལ་གྱི་དྲན་ཤེས་བསྲུངས་ཏེ་ཡུལ་མིའི་འཚོ་བ་ཕུན་སུམ་ཚོགས་སུ་བཏང་ཡོད་པ་རེད།
“རིག་གནས་དང་ཚན་རྩལ”ཟུང་དུ་འབྲེལ་ནས་འདི་གར་ནུས་པ་ཆེ་ཞིང་རིམ་པ་མཐོ་བའི་རིག་གནས་ཐོན་ལས་ཀྱི་ལས་སྟེགས་བཏོད་ཡོད་པ་རེད།
ལེང་ཀྲུའུ་རིག་གནས་བར་ཁྱམས་ཆེན་པོ་ནི་ཀྲེ་ཅང་ཞིང་ཆེན་གྱི་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་རིག་གནས་ཚོང་དོན་རྟེན་གཞི་གཅིག་པུ་དེའི་ནང་གནས་པ་དང་། དེ་གར་རྒྱལ་ཁབ་ཀྱི་བརྙན་ཐུང་རྟེན་གཞི་གསར་རྩོམ་གཉེར་སྐྱོང་གི་ལྟེ་གནས་བསྐྲུན་ཡོད། མིག་སྔར། ཀྲེ་ཅང་ཞིང་ཆེན་རིག་གནས་ཕྱིར་གཏོང་ཕྱོགས་བསྡུས་ཞབས་ཞུའི་ལས་སྟེགས་དང་ཞིང་ཆེན་རིམ་པའི་རིག་གནས་ཚན་རྩལ་མཉམ་འདྲེས་ཀྱི་གཙོ་གནད་ཚོད་ལྟ་ཁང་སོགས་ཇུས་འགོད་བྱེད་བཞིན་ཡོད།
དེས་མ་ཚད། ཡུས་ཧང་དུ་ཀྲུང་གོ་ལེང་ཀྲུའུ་གྲངས་འཛིན་རིག་གནས་སྡེ་ཁུལ་དུ་བཅའ་སྡོད་བྱས་པའི་སུའོ་དབྱི་རིག་གནས་ཀུང་སིས་རང་བརྟེན་ཞིབ་འཇུག་གསར་སྤེལ་བྱས་པའི་AIGCརིག་ནུས་ཐོན་སྐྱེད་མཉེན་ཆས་དེ་འགུལ་རིས་ཐོན་སྐྱེད་ནང་སྤྱོད་པའི་ཐད་གསར་གཏོད་ཁེ་ལས་མང་པོས་འཚོལ་ཞིབ་བྱས་པ་ལས་སྒྲིག་བཟོའི་དུས་ཡུན་མངོན་གསལ་དོད་པོས་ཐུང་དུ་ཕྱིན་ཡོད། ཧྥེ་ཀྲུའུ་ཡུལ་སྐོར་གྱིས་མི་ཐབས་རིག་ནུས་ཐོན་རྫས“འདྲི་ཙམ་བྱེད”ཅེས་པ་བཏོན་ནས། རྙོག་འཛིང་ཆེ་བའི་རིག་གནས་དང་ཡུལ་སྐོར་གྱི་དགོས་མཁོ་སྐོང་བའི་ལས་ཆོད་ཆེ་རུ་བཏང་ཡོད་པ་རེད།
མི་ཐབས་རིག་ནུས་ལག་རྩལ་གྱིས་ཡུས་ཧང་གི་གྲངས་འཛིན་རིག་གནས་ཁེ་ལས་ཕྱིར་གཏོང་བྱེད་མགྱོགས་སུ་བཏང་ཡོད། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། ཡུས་ཧང་གི་གཞི་ཁྱོན་ཡན་གྱི་རིག་གནས་ཁེ་ལས་ཀྱི་གཉེར་སྐྱོང་ཡོང་འབབ་སྒོར་དུང་ཕྱུར་5198.54ཟིན་ནས་འཕར་ཚད་14.4%ཟིན་ཡོད།
“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ཏེ། ཡུས་ཧང་ཆུས་ཀྱིས་དུས་རབས་གསར་པའི་རིག་གནས་ཀྱི་འགན་འཁྲི་གསར་པ་དེ་བས་ལེགས་པར་ཁུར་ནས། ‘རིག་གནས་དང་ཚན་རྩལ’དང་། ‘རིག་གནས་དང་ཡུལ་སྐོར’ ‘རིག་གནས་དང་དམངས་འཚོ’བཅས་ཀྱི་ཟུང་འབྲེལ་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་གྲོང་ཁྱེར་གྱི་རིག་རྒྱུན་འཛིན་སྐྱོང་བྱས་ཏེ། གྲོང་ཁྱེར་འཕེལ་རྒྱས་ལ་དེ་བས་ཉམས་འགྱུར་ལྡན་པ་དང་གྲོང་མིའི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཡོང་བར་བྱེད་ཀྱི་ཡིན”ཞེས་ཧང་ཀྲོའུ་གྲོང་ཨུད་ཀྱི་རྒྱུན་ཨུ་དང་ཡུས་ཧང་ཆུས་ཨུད་ཀྱི་ཧྲུའུ་ཅི་ལིའུ་དབྱིང་གིས་བརྗོད།
འབྲེལ་ཡོད་གསར་འགྱུར།