2026ལོར་ས་ཁང་ཁྲོམ་ར་ནུས་ཤུགས་ཡོད་རྒུས་བརྟན་དུ་གཏོང་རྒྱུ་ཡིན་པ།
གྲོང་བབ་ཇུས་བསྟར་གྱིས་འཕར་འབོར་ཚོད་འཛིན་དང་། མཛོད་ཉར་འདོར་སྒྱུར། མཁོ་སྤྲོད་ལེགས་གཏོང་བཅས་བྱ་རྒྱུ་ཡིན་པ།
གསར་འགོད་པར་རྒྱལ་ཡོངས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ལས་དོན་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2025ལོར་གྲོང་ཁྱེར་གསར་སྒྱུར་ལ་འཕེལ་རིམ་གལ་ཆེན་ཐོབ་པ་དང་། ཁང་པ་རྩིས་སྤྲོད་འགན་ལེན་ལས་འགན་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་བ། “ཁང་བཟང”འཛུགས་སྐྲུན་གྱི་གོམ་སྟབས་བརྟན་པོ་སྤོས་ཡོད་པ་རེད། གྲོང་ཁྱེར་38ཀྱིས་སྡོད་ཁང་རྙིང་པ་རང་བརྟེན་གསར་སྒྱུར་དང་སྡོད་ཁང་རྙིང་པ་བཤིག་ནས་དེ་གར་གསར་པ་བརྒྱབ་པ་དང་། གྲོང་ཁྱེར་42ཀྱིས་སྡོད་ཁང་གི་སྤྱོད་ཡུན་ཧྲིལ་པོའི་བདེ་འཇགས་དོ་དམ་ལམ་ལུགས་ཀྱི་ཚོད་ལྟ་བྱས་ཡོད། འཐུས་ཚང་སྡེ་ཁུལ་106གི་ཚོད་ལྟའི་ལས་དོན་ལེགས་སྒྲུབ་བྱས་ནས། རྒན་གསོ་དང་བུ་བཅོལ་སོགས་རིགས་ཁག་གི་ཞབས་ཞུའི་སྒྲིག་བཀོད་2000ལྷག་ཙམ་འཛུགས་སྐྲུན་སྒྱུར་བཀོད་བྱས་པ་དང་། རླངས་འཁོར་འཇོག་ས་ཁྲི་2.6མང་དུ་བཏང་བ། སྤྱི་པའི་བྱེད་སྒོ་སྤེལ་ས་དང་སྤྱི་པའི་སྤང་ལྗོངས་སྨི་ངོས་གྲུ་ཁྲི་71.3གསབ་སྣོན་དང་རིམ་སྤོར་བྱས་ཡོད་པ་རེད།
དེང་རབས་ཅན་གྱི་མི་དམངས་ཀྱི་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་དམིགས་ནས། 2026ལོར་སྤུས་ཚད་མཐོ་པོས་གྲོང་ཁྱེར་གསར་སྒྱུར་བྱས་ཏེ། “ཕར་ཆིན་རྒྱག་པ”ལྟ་བུའི་ཞིབ་ཚགས་ལ་བརྟེན་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་སྒྱུར་བཀོད་དང་། ཀུན་འཛོམས་སྡེ་ཁུལ་འཛུགས་སྐྲུན། ལམ་ཟུར་སྤྱི་གླིང་འཛུགས་སྐྲུན། སྤང་ལྗོངས་སྒོ་དབྱེ་མཉམ་སྤྱོད། “དྲོ་སྐྱིད་ལས་གྲྭ”འཛུགས་སྐྲུན། གྲོང་ཁྱེར་གྱི་སྤྱི་པའི་བར་མཐོངས་ཆུང་ངུ་བཅས་ལ་སྒྱུར་བཀོད་བྱས་ནས། ཐོགས་མེད་དང་རྒན་འཕྲོད་ཅན་གྱི་ཁོར་ཡུག་གི་སྤུས་ཚད་ལེགས་སུ་གཏོང་རྒྱུ་རེད། ས་འོག་མདོང་དྲ་སྒྱུར་བཀོད་དང་ཕྱོགས་བསྡུས་མདོང་ལམ་རྒྱུན་མཐུད་བསྐྲུན་ནས། རིགས་ཁག་གི་སོལ་རླངས་སྦུ་གུ་སྤྱི་ལེ་ཁྲི་3སྒྱུར་བཀོད་ལེགས་གྲུབ་ཐུབ་ཆེད་བརྩོན་ལེན་བྱ་རྒྱུ་རེད། གྲོང་ཁྱེར་དཔེ་གསར་ཅན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཧུར་ཐག་བྱ་རྒྱུ་དང་། གྲོང་ཁྱེར་གྱི་ཆུ་འབུད་དང་ཞོད་སྐྱོན་སྔོན་འགོག་གི་ལས་གྲྭའི་མ་ལག་དང་། གྲོང་ཁྱེར་རྨང་གཞིའི་སྒྲིག་བཀོད་ཀྱི་བདེ་འཇགས་ཨ་མའི་ལས་གྲྭ་རྒྱུན་མཐུད་འཛུགས་སྐྲུན་བྱ་རྒྱུ་རེད།
ས་ཁང་བདག་ཁོངས་ཁྲོམ་ར་ནུས་ཤུགས་ཡོད་རྒུས་བརྟན་དུ་གཏོང་བར་དམིགས་ནས། 2026ལོའི་གཙོ་གནད་ནི། གྲོང་བབ་ཇུས་བསྟར་གྱིས་འཕར་འབོར་ཚོད་འཛིན་དང་། མཛོད་ཉར་འདོར་སྒྱུར། མཁོ་སྤྲོད་ལེགས་གཏོང་བཅས་བྱས་ཏེ་གྲོང་ཁྱེར་གསར་སྒྱུར་དང་གྲོང་ནང་གྲོང་ཚོ་སྒྱུར་བཀོད་ཐད་གསོག་འབོར་གྱི་ས་ཆ་གང་འགབ་ཅི་སྤྱོད་ངང་བེད་སྤྱོད་བྱས་ཏེ་གསོག་འབོར་གྱི་ཚོང་སྒྱུར་ཁང་པ་ཉོས་ནས་འགན་ལེན་རང་བཞིན་གྱི་སྡོད་ཁང་དང་། བཀོད་སྒྲིག་ཁང་པ། ཉལ་ཁང་། ཤེས་ལྡན་པའི་སྡོད་ཁང་སོགས་སུ་སྤྱོད་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད། འགན་ལེན་རང་བཞིན་གྱི་སྡོད་ཁང་མཁོ་སྤྲོད་ལེགས་སུ་གཏོང་བ་དང་གནད་སྨིན་ངང་ལག་བསྟར་བྱས་ཏེ། སྡོད་ཁང་གི་སྤུས་ཚད་མཐོར་གཏོང་གི་འདུ་འགོད་ལག་བསྟར་བྱས་ནས“ཁང་བཟང”འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུ་རེད།
ས་ཁང་བདག་ཁོངས་རྣམ་གྲངས་ཀྱི“མིང་ཐོ་དཀར་པོའི”ལམ་ལུགས་ཀྱི་ནུས་པ་སྔར་བས་བཏོན་ནས་ས་ཁང་བདག་ཁོངས་ཁེ་ལས་ཀྱི་ལུགས་མཐུན་གྱི་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོར་རྒྱབ་སྐྱོར་བྱ་རྒྱུ་རེད། གྲོང་ཁྱེར་སྲིད་གཞུང་གིས་ས་ཁང་བདག་ཁོངས་ཚོད་འཛིན་གྱི་རང་བརྟེན་དབང་ཆ་ཡག་པོ་སྤྱད་དེ་ས་ཁང་བདག་ཁོངས་སྲིད་ཇུས་བབ་བསྟུན་ལེགས་སྒྲིག་དང་ལེགས་སུ་གཏོང་བ་དང་གྲོང་མིའི་ལེགས་བཅོས་རང་བཞིན་གྱི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོར་རྒྱབ་སྐྱོར་བྱས་ནས་ས་ཁང་བདག་ཁོངས་ཁྲོམ་ར་བརྟན་པོའི་ངང་འཁོར་རྒྱུག་ཐུབ་པར་སྐུལ་འདེད་གཏོང་རྒྱུ་རེད།
ས་ཁང་བདག་ཁོངས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་འཛུགས་པ་དང་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་གོ་རིམ་ལྡན་པའི་ངང་བཙུགས་ཏེ་ས་ཁང་བདག་ཁོངས་གསར་སྤེལ་ཐད་ས་ཁང་བདག་ཁོངས་ཀྱི་གསར་སྤེལ་རྣམ་གྲངས་ཀྱི་ཀུང་སིའི་ལམ་ལུགས་དངོས་སུ་ལག་བསྟར་བྱེད་དགོས། ས་ཁང་བདག་ཁོངས་ཀྱི་མ་དངུལ་བསྡུ་སྒྲིལ་ཐད་གཙོ་གཉེར་དངུལ་ཁང་གི་ལམ་ལུགས་ཁྱབ་གདལ་གཏོང་རྒྱུ་རེད། ཚོང་སྒྱུར་ཁང་པ་ཕྱིར་ཚོང་ཐད་སྡོད་ཆོག་ཁང་པ་ཕྱིར་ཚོང་ལམ་ལུགས་ལག་བསྟར་བྱས་ནས“གང་མཐོང་དེ་ཐོབ”ཡོང་བར་བྱས་ཏེ་རྩིས་སྤྲོད་ཀྱི་ཉེན་ཁ་གཞི་རྩའི་ཆ་ནས་འགོག་རྒྱུ་རེད། སྔོན་ཚོང་མ་དངུལ་གྱི་ལྟ་འདོམས་ཚད་ལྡན་དུ་བཏང་ནས་སྡོད་ཁང་ཉོ་མཁན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།