དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་རྒྱལ་ཁབ་ཟློས་གར་ཁང་ཆེ་མོའི་མཉམ་གཞས་ཚོགས་པས་སོ་ཏི་ཨ་རབ་ཏུ་འཁྲབ་སྟོན་ཐེངས་དང་པོ་བྱས་པ།

    —— “རོལ་དབྱངས་ཀྱིས་ང་ཚོ་ཕན་ཚུན་དབར་རྒྱུས་མངའ་ཆེ་རུ་ཕྱིན་སོང”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  རེན་ཧའོ་ཡུས།   |     སྤེལ་དུས།  2025-12-26

    ཉིན་ཤས་གོང་། ཀྲུང་གོ་རྒྱལ་ཁབ་ཟློས་གར་ཁང་ཆེ་མོའི་མཉམ་གཞས་ཚོགས་པའི“འཛམ་གླིང་སྐོར་བའི་འགྲུལ་བཞུད”ཀྱི་རོལ་དབྱངས་འདུ་ཚོགས་སོ་ཏི་ཨ་རབ་ཀྱི་ཤར་རྒྱུད་གྲོང་ཁྱེར་ཙའེ་ཧོ་ལན་གྱི་ཨ་པུ་ཏུའུ་ལེ་ཨ་ཆི་ཙི་རྒྱལ་པོའི་འཛམ་གླིང་རིག་གནས་ལྟེ་གནས་སུ་གཉེར་ནས། ས་གནས་དེ་གའི་ལྟད་མོ་བར་སྙན་འཇེབས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད། མཉམ་གཞས་ཚོགས་པའི་འཁྲབ་སྟོན་མཇུག་འགྲིལ་བ་དང་བསྟུན་ནས་ལྟད་མོ་བ་རྣམས་མ་གྲོས་གཅིག་མཐུན་གྱིས་ཡར་ལངས་ཏེ་ཡིད་དབང་འཕྲོག་པའི་འཁྲབ་སྟོན་ལ་དགའ་བསུ་ཞུས་པ་རེད།

    ད་ལོ་ནི་ཀྲུང་གོ་དང་སོ་ཏི་ཨ་རབ་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་35འཁོར་བའི་ལོ་ཞིག་ཡིན་ལ། ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱི་རིག་གནས་ལོ་དང་པོ་དེ་ཡང་རེད། ད་ཐེངས་ཀྱི་འཁྲབ་སྟོན་ནི“2025ལོའི་ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱི་རིག་གནས་ལོའི”སྒྲོམ་གཞིའི་འོག་གི་འཁྲབ་སྟོན་གལ་ཆེན་གྱི་གྲས་ཤིག་ཡིན་ཞིང་། རྒྱལ་ཁབ་ཟློས་གར་ཁང་ཆེ་མོའི་མཉམ་གཞས་ཚོགས་པས་གླིང་ཆེན་ཁག་གི་སྙན་གྲགས་ཆེ་བའི་རོལ་དབྱངས་བདམས་ཏེ། ཕུན་སུམ་ཚོགས་པ་དང་སྣ་མང་རིག་གནས་ཀྱི་ཟུར་ཚད་ཐོག་ནས་མི་སེམས་འགུལ་བའི་འཛམ་གླིང་རོལ་དབྱངས་འདུ་ཚོགས་ཤིག་གཉེར་བ་རེད།

    ཨ་པུ་ཏུའུ་ལེ་ཨ་ཆི་ཙི་རྒྱལ་པོའི་འཛམ་གླིང་རིག་གནས་ལྟེ་གནས་འཁྲབ་སྟོན་སྒྱུ་རྩལ་སྡེ་ཚན་གྱི་འགན་འཁུར་བ་པའོ་ལོ·པེ་ཨེན་གྱིས་རྒྱལ་ཁབ་ཟློས་གར་ཁང་ཆེ་མོའི་མཉམ་གཞས་ཚོགས་པའི་ཡིད་དབང་འཕྲོག་པའི་འཁྲབ་སྟོན་ལ་བསྔགས་བརྗོད་བྱས་ཤིང་། ཁོང་གིས“གླིང་ཆེན་མི་འདྲ་བའི་རོལ་དབྱངས་བདམས་པ་ལས་རོལ་དབྱངས་ཀྱིས་མི་སེམས་གཅིག་སྒྲིལ་གྱི་སྟོབས་ཤུགས་མངོན་ཏེ། ལྟད་མོ་བར་མྱོང་ཚོར་ཟབ་མོ་བྱུང་ཡོད”ཅེས་བརྗོད།

    “རོལ་དབྱངས་ལ་རྒྱལ་མཚམས་མེད་ཅིང་། རིག་གནས་ཀྱིས་འབྲེལ་ཟམ་འཛུགས། ལྟད་མོ་བའི་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་ཀྱི་སྒྲ་ཐོས་སྐབས་ང་ཚོར་སྐུལ་ལྕག་ཆེན་པོ་ཐེབས་བྱུང་། སྐད་བརྡ་མི་འཕྲོད་ཀྱང་རོལ་དབྱངས་ལས་ཚང་མའི་བརྩེ་སེམས་ཟབ་ཏུ་ཕྱིན་ཡོད”ཅེས་རྒྱལ་ཁབ་ཟློས་གར་ཁང་ཆེ་མོའི་མཉམ་གཞས་ཚོགས་པའི་ཚོགས་གཙོ་དང་ཚོགས་ཞུགས་བཀོད་འདོམས་པ་ཅའོ་མེའོ་ཡིས་བརྗོད་པ་དང་། ཁོང་གིས་ད་ཐེངས་ཀྱི་འཁྲབ་སྟོན་བརྒྱུད་ཚང་མས་རིག་གནས་མི་འདྲ་བར་རྒྱུས་མངའ་ལོན་པར་སྐུལ་འདེད་ཐེབས་རྒྱུའི་རེ་བ་ཡོད་ཅེས་བརྗོད།

    རྒྱལ་ཁབ་ཟློས་གར་ཁང་ཆེ་མོའི་ཡོན་ཀྲང་གཞོན་པ་ཝང་ཁྲེང་གིས། ད་ཐེངས་ཀྱི་འཁྲབ་སྟོན་ནི་རྒྱལ་ཁབ་ཟློས་གར་ཁང་ཆེ་མོའི་མཉམ་གཞས་ཚོགས་པས་སོ་ཏི་ཨ་རབ་ཏུ་འཁྲབ་སྟོན་བྱེད་ཐེངས་དང་པོ་རེད། ཀྲུང་གོ་དང་སོ་ཏི་ཨ་རབ་ཚོགས་པའི་ཐུན་མོང་འབད་བརྩོན་འོག་འཁྲབ་སྟོན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ཡོད། འབྱུང་འགྱུར། རྒྱལ་ཁབ་ཟློས་གར་ཁང་ཆེ་མོས་ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱི་རིག་གནས་སྤེལ་རེས་ལ་མུ་མཐུད་སྐུལ་འདེད་ཧུར་ཐག་བཏང་ནས། ཕུལ་བྱུང་སྒྱུ་རྩལ་ཚོགས་པ་དེ་བས་མང་བ་སྒྲིག་འཛུགས་བྱས་ཏེ་སོ་ཏི་ཨ་རབ་ཏུ་འཁྲབ་སྟོན་བྱེད་པར་ཡོང་གི་ཡིན་ཞེས་བརྗོད།

    ཨ་པུ་ཏུའུ་ལེ་ཨ་ཆི་ཙི་རྒྱལ་པོའི་འཛམ་གླིང་རིག་གནས་ལྟེ་གནས་ཀྱི་ལག་བསྟར་ཀྲུའུ་རེན་མུའུ་སཱ་པུའུ·སཱ་ལན་གྱིས། སོ་ཏི་ཨ་རབ་ཀྱིས་རིག་གནས་ཐོན་ལས་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཕྱོགས་གཉིས་པོའི་སྒྱུ་རྩལ་མཁས་ཅན་གྱིས་མཉམ་ལས་དེ་བས་མང་བ་བྱས་ནས། སོ་ཏི་ཨ་རབ་དང་ཀྲུང་གོའི་རིག་གནས་སྤེལ་རེས་དང་མཛའ་གྲོགས་འབྲེལ་བའི་འཕེལ་རྒྱས་ལ་རམ་འདེགས་བྱ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།