ལང་ཚོའི་མེ་ཏོག་ཕ་ཡུལ་མཛེས་པའི་རྒྱན། དཀར་མོ་ནས་ལ་ལོ་ལེགས་སྙེ་མ་བཏགས།
—— མལ་གྲོ་གུང་དཀར་རི་གསུམ་རྩེ་ཚོང་དོན་ཚད་ཡོད་ཀུང་སིའི་འགན་འཁུར་བ་བཀྲ་ཤིས་རྡོ་རྗེའི་སྐོར་བཀོད་པ།
གཞུང་ཁོངས་ཁེ་ལས་ཀྱི་ལས་མི་ཞིག་ནས་ཕ་ཡུལ་དུ་ལས་གཏོད་བྱེད་པར་ལོག་མཁན་བར་དང་། སོ་ནམ་བྱེད་མ་མྱོང་བ་ཞིག་ནས་ནས་ཀྱི་ཐོན་ལས་ཀྱི་སྣེ་ཁྲིད་པར་གྱུར་པའི་བར་དུ། མལ་གྲོ་གུང་དཀར་རྫོང་གི་གཞོན་ནུ་བཀྲ་ཤིས་རྡོ་རྗེས་ཁྱིམ་ཚང་གི་འགན་འཁྲི་ལྕི་པོ་ཕྲག་ཏུ་ཁུར་བ་དང་ཐོག་མའི་བསམ་འདུན་སྙིང་དབུས་སུ་བཅངས་ནས་ཕ་ཡུལ་དུ་ལོག་སྟེ་སོ་ནམ་ལས་ལ་འབད་ནས་རི་གསུམ་རྩེ་ཚོང་དོན་ཚད་ཡོད་ཀུང་སི་བཙུགས་པས་ཡུལ་དེ་གའི་སྤུས་ལེགས་ནས་དམངས་ཕྱུག་ཐོན་ལས་སུ་གྱུར་པ་དང་། ཡུལ་མི་རྣམས་རང་ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཐུབ་པ་དང་འབབ་འཕར་ཡོང་བར་བྱས་ཏེ། བྱ་སྤྱོད་ངོ་མའི་ཐོག་ནས་ཕ་ཡུལ་དུ་ལས་གཏོད་བྱེད་པའི་ལེའུ་ཞིག་བརྩམས་དང་རྩོམ་བཞིན་ཡོད།
ཉིན་ཤས་གོང་དུ་གསར་འགོད་པ་མལ་གྲོ་གུང་དཀར་རྫོང་གི་ལས་གཏོད་གསོ་སྐྱོང་ལྟེ་གནས་ཏེ། མལ་གྲོ་གུང་དཀར་རི་གསུམ་རྩེ་ཚོང་དོན་ཚད་ཡོད་ཀུང་སིར་འབྱོར་སྐབས། འཁོར་ཁང་ནང་དུ་ལས་མིས་བྱང་ཆ་དོད་ལ་བྲེལ་བརྩོན་ཆེན་པོས་ནས་ཀྱི་ཐོན་རྫས་ཐུམ་སྒྲིལ་རྒྱག་བཞིན་འདུག “ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཐུབ་པས་ཁྱིམ་ལ་ལྟ་རྟོག་བྱེད་ཞོར་ཡོང་འབབ་ཀྱང་གསོག་ཐུབ་པས་འདོད་བློ་རྦད་དེ་ཁེངས་སོང”ཞེས་ཡུལ་མི་ལྷག་པས་ཐུམ་སྒྲིལ་རྒྱག་གིན་དགོད་འཚེར་འཚེར་དུ་བཤད། འཁོར་ཁང་དུ་སློབ་ཆེན་སློབ་མ་གཡུ་སྒྲོན་གྱིས་མངགས་ཐོ་གཞིར་བཟུང་ཚོང་ཟོག་གྲ་སྒྲིག་བྱེད་བཞིན་མཆིས། ཁོ་མོ་ནི་ཡུལ་དེ་གའི་སློབ་གྲྭར་འགྲོ་མུས་ཀྱི་སློབ་ཆེན་སློབ་མ་ཞིག་ཡིན་པ་དང་མིག་སྔར་ཀུང་སིར་དངོས་སྦྱོང་བྱེད་བཞིན་ཡོད། གཡུ་སྒྲོན་གྱིས་ཀྱང་སློབ་གྲྭ་ཐོན་རྗེས་ཕ་ཡུལ་དུ་ལོག་ནས་ཕ་ཡུལ་གྱི་འཕེལ་རྒྱས་ཆེད་རང་ཉིད་ཀྱི་ནུས་ཤུགས་ལེགས་སྐྱེས་འབུལ་རྩིས་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཆ་ཡུལ་དེ་གའི་སློབ་ཆེན་སློབ་མ་4ཀུང་སི་དེར་དངོས་སྦྱོང་བྱེད་བཞིན་ཡོད་པ་དང་། ཁོང་ཚོས་རང་འགུལ་ངང་ཐད་གཏོང་ལམ་ནས་ཚོང་ཟོག་འཚོང་བའི་རྩལ་ནུས་སྦྱངས་ཏེ། སློབ་གྲྭ་ཐོན་རྗེས་ཕ་ཡུལ་དུ་ལོག་ནས་ལས་གཏོད་ལས་ཞུགས་བྱེད་པར་ཉམས་མྱོང་བསགས་དང་གསོག་བཞིན་ཡོད།
ད་ལོ་ལོ་28ལ་སླེབས་པའི་བཀྲ་ཤིས་རྡོ་རྗེ་ནི་ས་སྐྱེས་རྡོ་སྐྱེས་ཀྱི་མལ་གྲོ་གུང་དཀར་བ་ཞིག་རེད། 2019ལོར་སློབ་ཆེན་ཐོན་རྗེས། གཞུང་ཁོངས་ཁེ་ལས་ཤིག་ཏུ་ལས་ཞུགས་ཐུབ་ནས་གླ་ཕོགས་བརྟན་པོ་ལེན་རྒྱུ་ཡོད་མོད། 2020ལོར་བཀྲ་ཤིས་རྡོ་རྗེས་གཞུང་ཁོངས་ཁེ་ལས་ཀྱི་ལས་ཀ་ནས་རྩ་དགོངས་ཞུས་ཏེ་ཕ་ཡུལ་དུ་ལས་གཏོད་བྱེད་པར་ལོག
ཐེངས་ཤིག་སྟེས་དབང་ཞིག་ལས་བཀྲ་ཤིས་རྡོ་རྗེས་ཕ་ཡུལ་གྱི་ནས་ལ་འཕེལ་རྒྱས་ཀྱི་གདིང་ཤུགས་ཆེན་པོ་ཡོད་པ་ཤེས་རྟོགས་བྱུང་། “མལ་གྲོའི་ནས་ཀྱི་སྤུས་ཀ་དག་མོད། འོན་ཀྱང་རང་ཉིད་ལ་དབང་བའི་སྤུས་རྟགས་མེད་པ་དེ་ནི་ཤིན་ཏུ་ཕངས་དགོས་པ་ཞིག་རེད” 2024ལོར་ཁོང་གིས་སྒོར་ཁྲི་60ལྷག་ཙམ་གྲབས་གསོག་བྱས་ཏེ་རི་གསུམ་རྩེ་ཚོང་དོན་ཚད་ཡོད་ཀུང་སི་བཙུགས་པ་དང་། ནས་ཀྱི་ཐོན་རྫས་གསར་སྤེལ་དང་ཕྱིར་ཚོང་ལས་ལ་བློ་རྩེ་གཅིག་ཏུ་བསྒྲིམས་ནས་འབད་འཐབ་བྱས། ལས་གཏོད་ཀྱི་ལམ་ལ་ཞུགས་མ་ཐག་པའི་དུས་སུ་དཀའ་ངལ་དང་འགྲན་སློང་མང་པོ་འཕྲད་མོད། འོན་ཀྱང་མལ་གྲོ་གུང་དཀར་རྫོང་ཨུད་དང་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་འོག ཁོང་གིས་ཀུང་སིའི་སྣེ་ཁྲིད་དེ“ནན་ཅིང་མལ་གྲོའི་གཟའ་འཁོར”བྱེད་སྒོར་ཞུགས་ཏེ་ནས་ཀྱི་ཐོན་རྫས་ལྗོངས་ཕྱིའི་ཁྲོམ་རར་ཁྱབ་གདལ་བཏང་ཞིང་། ཀུང་སིས་ཐོན་སྐྱེད་བྱས་པའི་མངར་ཆ་ཡོད་པ་དང་མེད་པའི་ནས་ཀྱི་ཐོན་རྫས་རིགས་གཉིས་ཀྱི་བྲོ་བ་ཞིམ་ལ་བདེ་ཐང་སྐྱེ་ལྡན་ཡིན་པའི་དབང་གིས་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་པ་དང་ཆབས་ཅིག་ཚོང་ཡང་བྲིན་པོ་བྱུང་།
ད་ཆ་བཀྲ་ཤིས་རྡོ་རྗེའི་ཀུང་སི་འཕེལ་རྒྱས་སྟོབས་ཆེར་ཕྱིན་ནས། ཡུལ་མི་ཚོའི“ཕྱུག་འགྱུར་ལས་སྟེགས”སུ་གྱུར། ཡུལ་དེ་གའི་གཞོན་ནུ་7ཀུང་སི་དེ་གར་ལས་ཞུགས་བརྟན་པོ་བྱུང་བ་དང་། 2025ལོར་ཀུང་སིས་ཡུལ་དེ་གའི་ནས་ཉོ་སྒྲུབ་བྱས་པས་སོ་ནམ་དུད་ཚང་གི་ཚོང་ལམ་དཀོན་པའི་དཀའ་གནད་བསལ་ཡོད། འབྱུང་འགྱུར་གྱི་སྐོར་གླེང་སྐབས། བཀྲ་ཤིས་རྡོ་རྗེས“གོམ་སྟབས་རྗེས་མར་ནས་ལ་ལས་སྣོན་ཞིབ་ཚགས་བྱས་ཏེ། ཏན་ཞིམ་དང་ཐུག་པ་སོགས་ཐོན་རྫས་གསར་སྤེལ་བྱེད་པ་དང་། ཁྱད་ལྡན་སྤུས་རྟགས་གཏོད་པ། ཡུལ་མི་དེ་བས་མང་བ་ལས་ཞུགས་ཐུབ་པ་བཅས་བྱས་ཏེ་མལ་གྲོའི་ནས་ཀྱི་ཐོན་རྫས་ཚང་མའི“གསེར་ཕོར”དུ་འགྱུར་ཐུབ་པ་བྱེད་ཀྱི་ཡིན”ཞེས་གདེང་ཚོད་ཆེན་པོས་བཤད།
འབྲེལ་ཡོད་གསར་འགྱུར།