“ལོ་ལྔ་ཚན་བཅུ་བཞི་པ”ཚུན་དུ་བོད་ཀྱི་རིག་དངོས་བྱ་གཞག་ལ་བརྒྱུད་རིམ་རང་བཞིན་གྱི་མཆོང་སྐྱོད་བྱུང་བ།
བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། གསར་འགོད་པར་བོད་ཀྱི་རིག་དངོས་བྱ་གཞག་གི“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་འཕེལ་རྒྱས་གྲུབ་འབྲས་དང་བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ཐེངས་བཞི་པའི་འཕེལ་རིམ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་བོད་ཀྱིས་རིག་དངོས་སྲུང་སྐྱོང་གི་རྨང་གཞི་མུ་མཐུད་སྲ་བརྟན་དུ་བཏང་བ་དང་། རིག་དངོས་བདེ་འཇགས་མ་ལག་འཐུས་སྒོ་ཚང་དུ་བཏང་བ། རིག་དངོས་གསོན་ཉམས་དོད་པོས་བེད་སྤྱོད་ཀྱི་ཐབས་ལམ་རྒྱ་སྐྱེད་བཏང་བས་རིག་དངོས་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་ཆུ་ཚད་བརྒྱུད་རིམ་ལྡན་པའི་སྒོ་ནས་མཐོ་རུ་ཕྱིན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་བོད་ཡོངས་སུ་སྤོ་མི་རུང་བའི་རིག་དངོས་གནས་ཡུལ་4468ཐོ་འགོད་བྱས་ཤིང་། རིམ་ཁག་རིག་དངོས་སྲུང་སྐྱོང་ཚན་པ་2373ཡོད་པའི་ནང་རྒྱལ་ཁབ་རིམ་པའི་ཚན་པ་70དང་། རང་སྐྱོང་ལྗོངས་རིམ་པའི་ཚན་པ་603 གྲོང་ཁྱེར་དང་རྫོང་རིམ་པའི་ཚན་པ་1700 འཛམ་གླིང་རིག་གནས་ཤུལ་བཞག་གནས་ཡུལ་1དང་ས་ཚིགས་3བཅས་ཡོད་པ་དང་དེ་བཞིན་སྤོ་རུང་བའི་རིག་དངོས་ལྷུ་ལག(ཆ་ཚང)ཁྲི་བརྒྱ་ལྷག་ཙམ་ཡོད། རྒྱལ་ཡོངས་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ཐེངས་བཞི་པར་སྐུལ་འདེད་བརྟན་པོ་གཏོང་བཞིན་ཡོད་པ་དང་། འབྲེལ་ཡོད་ལས་དོན་གྱིས་རིག་དངོས་ཐོན་ཁུངས་ཀྱི་གནས་ཚུལ་སྔར་བས་ཤེས་རྟོགས་གསལ་པོ་དང་སྲུང་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བར་འདེགས་སྐྱོར་གལ་ཆེན་བྱས་ཡོད།
ལམ་ལུགས་འཛུགས་སྐྱོང་དང་སྲུང་སྐྱོང་འགན་སྲུང་ཐད“ལོ་ལྔ་ཚན་བཅུ་བཞི་པ”ཚུན་དུ། 《བོད་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲུང་སྐྱོང་སྲོལ་ཡིག》བཟོ་བཅོས་བརྒྱབ་པར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་བ་དང་། རིག་དངོས་སྲུང་སྐྱོང་བེད་སྤྱོད་སྒྱུར་བཅོས་དང“རིག་དངོས་ཀྱི་གསོན་ཤུགས་སླར་ཡང་འཕེལ་བར་བྱེད་པ”སོགས་སྲིད་ཇུས་རང་བཞིན་གྱི་ཡིག་ཆ་སྔ་རྗེས་སུ་བཏོན་པ། རྒྱལ་རྩེའི་རྫོང་རི་དབྱིན་འགོག་རྗེས་ཤུལ་སོགས་ཆེད་དོན་སྲུང་སྐྱོང་འཆར་འགོད་10རྒྱལ་ཁབ་རིག་དངོས་ཅུས་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་ཁྱབ་བསྒྲགས་བྱས་པ་དང་ཆབས་ཅིག ཇ་རྟའི་གནའ་ལམ་གྱི་བོད་ལྗོངས་དུམ་བུ་དང་། ཐང་བོད་གནའ་ལམ་གྱི་བོད་ལྗོངས་དུམ་བུ། དར་གོས་ལམ་བུའི་ཨེ་ཤེ་ཡ་ལྷོ་མའི་བར་ཁྱམས་ཀྱི་བོད་ལྗོངས་དུམ་བུ། སྨར་ཁམས་ཚྭ་ཁ་ལྷོའི་གནའ་བོའི་ཚྭ་ཞིང་བཅས་ཀྲུང་གོའི་འཛམ་གླིང་རིག་གནས་ཤུལ་བཞག་གི་གྲ་སྒྲིག་མིང་ཐོའི་ནང་བཅུག་ཡོད། རིག་དངོས་བདེ་འཇགས་འགོག་སྲུང་འཛིང་རགས་མུ་མཐུད་བརྟན་དུ་བཏང་ཞིང་། བོད་ཀྱིས་རྒྱལ་ཡོངས་ཀྱི་རིག་དངོས་སྲུང་སྐྱོང་ཚན་པ་གཙོ་བོ་70ཡི་བདེ་འཇགས་ཚོར་སྐོར་ལས་དོན་ལེགས་པར་བསྒྲུབས་པ་དང་། ལོ་ལྔའི་རིང་རིག་དངོས་བདེ་འཇགས་དོན་རྐྱེན་ཚབས་ཆེན་གཅིག་ཀྱང་ཐོན་མེད་པ། ལོ་41རིང་ཕོ་བྲང་པོ་ཏ་ལར་མེ་སྐྱོན་ཐེངས་གཅིག་ཀྱང་བྱུང་མྱོང་མེད། དུས་མཚུངས་སུ་བོད་ཀྱིས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་མ་དངུལ་སྒོར་དུང་ཕྱུར་10ལྷག་ཙམ་བརྩོན་ལེན་བྱས་ནས་རིག་དངོས་སྲུང་སྐྱོང་ཉམས་གསོ་དང་། བདེ་འཇགས་འགོག་སྲུང་། སྔོན་འགོག་རང་བཞིན་གྱི་སྲུང་སྐྱོང་། གྲངས་འཛིན་ཅན་སོགས་རྣམ་གྲངས་218ལག་ལེན་བསྟར་བ་བརྒྱུད་རིག་དངོས་སྲུང་སྐྱོང་གི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཡོད།
བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཞུས་ཧྲའོ་གོ་ཡིས་གོམ་སྟབས་རྗེས་མར་བོད་ཀྱིས་རིག་དངོས་སྲུང་སྐྱོང་གི་རྨང་གཞི་མུ་མཐུད་སྲ་བརྟན་དུ་གཏོང་བ་དང་སྦྲགས། ཞིབ་འཇུག་འགྲེལ་བཤད་དང་གསོན་ཉམས་དོད་པོས་བེད་སྤྱོད་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་། རིག་དངོས་སྲུང་སྐྱོང་དང་ལུགས་མཐུན་བེད་སྤྱོད་ལ་སྤྱི་འདོམས་ཀྱིས་སྐུལ་འདེད་གཏོང་བ། དུས་རབས་གསར་པར་རྩ་ཆེའི་རིག་གནས་ཤུལ་བཞག་ནས་སྐྱེ་སྟོབས་དང་གསོན་ཤུགས་གསར་པ་འཕེལ་བ་བཅས་བྱས་ཏེ། རིག་གནས་སྟོབས་ཆེན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་དེ་བས་ཆེ་བའི་འདེགས་སྐྱོར་ནུས་ལྡན་བྱ་རྒྱུ་ཡིན་ཞེས་བཤད།
འབྲེལ་ཡོད་གསར་འགྱུར།