དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གྲངས་འཛིན་རྟ་ཕོ་ལྕག་གིས་སྐུལ། གངས་ལྗོངས་འཕེལ་རྒྱས་རྣམ་པ་གསར།

    —— རང་ལྗོངས་ཀྱིས་མཐོ་གསར་གྲངས་འཛིན་ཐོན་ལས་རྒྱ་སྟོབས་རྒྱུན་མཐུད་ཆེ་རུ་བཏང་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-26

    ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཏེ། གྲངས་འཛིན་ཐོན་ལས་ཅན་དང་ཐོན་ལས་གྲངས་འཛིན་ཅན་ལ་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི“སྤྲིན་རུམ་བགྲོད་ལམ”ཞིག་བསྐྲུན་ཡོད།

    “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ། ལྗོངས་ཡོངས་ཀྱི་གྲངས་འཛིན་དཔལ་འབྱོར་གྱི་འཕར་ཐང་ལོ་རེར་ཆ་སྙོམས་འཕར་ཚད་10%ཙམ་ཟིན་པ་དང་ཆ་འཕྲིན་ཅན་ལ་མ་འཇོག་ལོར་ཆ་སྙོམས་སྒོར་དུང་ཕྱུར་50ཙམ་ཟིན་ཡོད། 2025ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་ལྗོངས་ཡོངས་ཀྱི་གྲངས་འཛིན་དཔལ་འབྱོར་གྱི་འཕར་ཐང་སྒོར་དུང་ཕྱུར་140ཟིན་ནས་སྔོན་དཔག་བྱས་ན་ལོ་ཧྲིལ་པོར་སྒོར་དུང་ཕྱུར་200ཡི་འགག་སྒོ་ཆེན་པོ་ལས་སྒྲོལ་རྒྱུ་ཡིན་པ་དང་། མཐོ་གསར་གྲངས་འཛིན་ཐོན་ལས་དེ་བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པར་གྱུར་ཡོད།

    འཕྲིན་གཏོང་དྲ་རྒྱ་དམ་དུ་བཏང་། རྩིས་ནུས་མཁོ་སྤྲོད་བཀོད་པ་བསྐྲུན།

    “སྔོན་ཆད་ཁ་པར་རྒྱག་སྐབས་རི་རྩེར་འཛེགས་ནས་བརྡ་རྟགས་འཚོལ་དགོས། ད་ལྟ་གུར་ནང་དུ་བསྡད་ནས་ཐད་གཏོང་བརྒྱུད་དེ་ཚགས་ཤ་བཙོངས་ཐུབ”ནག་ཆུའི་འབྲོག་པ་ཚེ་རིང་གི་མྱོང་ཚོར་ལས་བོད་ཀྱི་དྲ་རྒྱའི་རྨང་གཞིའི་སྒྲིག་བཀོད་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་མཚོན་ཡོད།

    དེ་སྔོན་རི་མཐོ་གྲོག་རོང་གི་རང་བྱུང་བཀག་རྒྱའི་དབང་གིས་བོད་དུ་དྲ་རྒྱ་ཁྱབ་ཚད་ཞན་པ་དང་། འགོར་འགྱང་ཆེ་བ། མྱུར་ཚད་དལ་བ་བཅས་ཡོད་པ་དེས་མང་ཚོགས་ཀྱི་འཚོ་བར་ཚོད་འཛིན་ཐེབས་པ་མ་ཟད། ཐོན་ལས་འཕེལ་རྒྱས་ཀྱི་འགལ་རྐྱེན་དུའང་གྱུར་ཡོད།

    དཀའ་གནད་དེ་ཐག་གཅོད་བྱ་ཆེད། བོད་ཀྱིས“དྲ་ཆེན་མཐའ་མཚམས”འཛུགས་སྐྱོང་དམ་འཛིན་བྱ་གཞིར་བྱས་ཏེ། དྲ་རྒྱའི་རྨང་གཞིའི་སྒྲིག་བཀོད་ལེགས་སྒྱུར་གྱི་ལས་ཀར་ཧུར་ཐག་གཞོལ་ཡོད། མིག་སྔའི་བར་ལྗོངས་ཡོངས་སུ་རིམ་རྩིས་བརྒྱབ་ན་5Gསྦྲེལ་ཚུགས་ཁྲི་2.62བསྐྲུན་པ་དང་སྲིད་འཛིན་གྲོང་ཚོ་93.7%ལ་5Gདྲ་རྒྱ་ཤར་གཏོང་ཐུབ་ཅིང་། མི་ཁྲི་རེར་5Gསྦྲེལ་ཚུགས་བདག་ཚད་ནི་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།

    མཐའ་མཚམས་ས་ཁུལ་དུ་འཕྲིན་གཏོང་སྒྱུར་བཅོས་བྱེད་པར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཞིང་། མཐའ་མཚམས་རྫོང་གྲོང་21ལ་ཁྱོན་ཡོངས་ནས་5Gདང་ཀྲའོ་སྟོང་གི་འོད་ཤུགས་དྲ་བ་ཤར་གཏོང་ཐུབ་པ་དང་། མཐའ་མཚམས་སྲིད་འཛིན་གྲོང་ཚོ་ཡོངས་ལ་དྲ་ཆེན་དང་4Gདྲ་རྒྱ་ཤར་གཏོང་ཐུབ་ནས། དེ་སྔའི“ཁ་ལན་སྐྱེལ་བའི”མཐའ་མཚམས་ཀྱི་འཚོ་བ་རྦད་དེ་ལོ་རྒྱུས་སུ་གྱུར་ཡོད།

    གལ་ཏེ་5Gདྲ་རྒྱ་ནི་གྲངས་འཛིན་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི“དབང་རྩའི་མཇུག་སྣེ”ལྟ་བུ་ཡིན་ན། རིག་རྩིས་ལྟེ་གནས་ནི་ས་མཐོའི་དར་འཕེལ་ལ་སྐུལ་མ་གཏོང་བའི“རིམ་འདས་ཀླད་པ”ལྟ་བུ་ཡིན། མ་དངུལ་སྒོར་དུང་ཕྱུར་9.2བཏང་བའི“ཡར་ཀླུང་གཙང་པོ་ཨང་དང་པོའི”རིག་རྩིས་ལྟེ་གནས(དུས་ཐེངས་དང་པོ)2025ལོར་སྐྲུན་འགོ་ཚུགས་པ་དང་རྩིས་ནུས་ཀྱི་གཞི་ཁྱོན་2000Pཇུས་འགོད་བྱས་ཡོད། དེ་བོད་འདི་ཉིད་རྒྱལ་ཁབ་ཀྱི“ཤར་གྲངས་ནུབ་རྩིས”བཀོད་སྒྲིག་ནང་འདྲེས་པའི་འགག་རྩའི་ལྷུ་ཚིགས་ཡིན་པས་དེར་ལྗང་མདོག་ནུས་རྒྱུ་གྲོན་ཆུང་གི་ལག་རྩལ་སྤྱད་ཡོད་ལ། ལོ་ཧྲིལ་པོར་འཁོར་སྐྱོད་བྱེད་པའི་PUE(ནུས་རྒྱུ་བེད་སྤྱོད་ལས་ཕྱོད)ཡི་གྲངས་ཐང་1.1ལས་ཆུང་བ་ཡོད།

    ཚོད་རྩིས་བརྒྱབ་པར་གཞིགས་ན། “ཡར་ཀླུང་གཙང་པོ་ཨང་དང་པོའི”རིག་རྩིས་ལྟེ་གནས(དུས་ཐེངས་དང་པོ)2000Pརྩིས་ནུས་ཚང་མ་བེད་སྤྱོད་བཏང་རྗེས། ལོ་ལྟར་ཤར་རྒྱུད་ས་ཁུལ་གྱི་ཆུ་ཚོད་ཁྲི་400ཡི་AIསྦྱོང་བརྡར་ལས་འགན་དང་ལེན་བྱེད་ཐུབ་པས། ཤར་རྒྱུད་ལ་གློག་ཏུའུ་དུང་ཕྱུར་3.2གྲོན་ཆུང་དང་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་28ཉུང་དུ་གཏོང་བ་དང་མཚུངས་ཀྱི་ཡོད།

    ལོ་མང་རིང་རང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི“ཤར་གྲངས་ནུབ་རྩིས”ཀྱི་བཀོད་སྒྲིག་ནང་མཉམ་འདྲེས་བྱེད་པར་ཧུར་ཐག་གཞོལ་ནས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་གྲངས་གཞི་ཆེན་པོ་དང་། སྤྲིན་རྩིས། མི་ཐབས་རིག་ནུས་སོགས་ཆ་འཕྲིན་ལག་རྩལ་རབས་གསར་པ་ཉིད་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ་ས་མཐོའི་ཐོན་ཁུངས་ཀྱི་ལེགས་ཆ་དེ་མིག་མཐོང་ལག་ཟིན་གྱི་རྒྱུ་ནོར་ངོ་མར་བསྒྱུར་ཡོད།

    གཞི་གྲངས་ཐོན་ཁུངས་ལེགས་པར་སྤྱད། གནད་སྨིན་བཅོས་སྐྱོང་མཐུན་རྐྱེན་སྦྱར།

    “དེ་སྔོན་ལས་གཉེར་ལག་ཁྱེར་གཉེར་ན་ཐེངས་མ་གསུམ་བཞི་ལ་རྒྱུག་དགོས་པ་དང་ཕར་ཚུར་ཡང་ཡང་སྐྱོད་དགོས། ད་ཆ་ལག་ཐོགས་ཁ་པར་ནས་དཔྱད་ཡིག་བསྐྱལ་ན་དུས་ཡུན་སྐར་མ་ཁ་ཤས་ལ་གཉེར་ཐུབ་པས། སྟབས་བདེ་ལ་མགྱོགས་པོ་འདུག”ཅེས་ལྷ་ས་མཐོ་གསར་ཁུལ(སྣེའུ་ཁུལ་གསར)གྱི་སྲིད་དོན་ཞབས་ཞུ་ལྟེ་གནས་སུ་ཁེ་ལས་ཐོ་འགོད་བྱས་མ་ཐག་པའི་ལས་གཏོད་པ་པད་མ་ཚེ་བརྟན་གྱིས་དགའ་སྤྲོའི་ཉམས་དང་བཅས་དེ་ལྟར་བརྗོད།

    སྔོན་ཆད་བོད་ཀྱི་རིམ་ཁག་གི་སྲིད་དོན་མ་ལག་ཁ་ཐོར་དང་ཁེར་རྐྱང་ཡིན་པས། མང་ཚོགས་དོན་དག་སྒྲུབ་སྐབས“ཕྱོགས་མང་པོར་ཡར་རྒྱུག་མར་རྒྱུག་བྱེད་དགོས”པ་དང་། གཞི་རིམ་བཅོས་སྐྱོང་ཡང“ཉམས་མྱོང་གི་བརྡར་ཤ་གཅོད་སྟངས”ལ་བརྟེན་པས། ལས་ཆོད་ཆུང་བ་དང་གནད་ལ་འཁེལ་ཚད་ཞན་པོ་ཡོད།

    གྲངས་གཞི་མང་ཙམ་རྒྱུག་པ་དང་མང་ཚོགས་ཉུང་ཙམ་རྒྱུག་ཐུབ་པར་བྱས་ཏེ། བཅོས་སྐྱོང་དེ“ཉམས་མྱོང་གི་སྐུལ་འདེད”ནས“གྲངས་གཞིའི་སྐུལ་འདེད”དུ་ཇི་ལྟར་བསྒྱུར་དགོས་སམ་ཞེ་ན།

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ལམ་ལུགས་འཛུགས་སྐྱོང་གཙོ་བོར་བྱས་ཏེ《བོད་རང་སྐྱོང་ལྗོངས་ཀྱི་སྤྱི་པའི་གྲངས་གཞི་དོ་དམ་བྱེད་ཐབས(ཚོད་ལྟའི་ལག་བསྟར)》དང《བོད་རང་སྐྱོང་ལྗོངས་ཀྱི་སྤྱི་པའི་གྲངས་གཞིའི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་ལག་བསྟར་ཇུས་གཞི》སོགས་སྲིད་ཇུས་ཡིག་ཆ་སྔ་རྗེས་སུ་བཏོན་པ་དང་། རང་སྐྱོང་ལྗོངས་ཀྱི་གྲངས་གཞི་ཆེན་པོའི་ལས་སྟེགས“བོད་གྲངས་གཅིག་འདུས”ནང་དོན་དྲ་ལམ་དུ་བཏོན་ནས“ཕྱོགས་གཅིག་གིས་འཚོལ་བསྡུ་དང་ཕྱོགས་མང་གིས་བཀོལ་སྤྱོད”བྱེད་པའི་གྲངས་གཞི་མཉམ་སྤྱོད་ལམ་སྲོལ་བཙུགས་ནས་གྲངས་གཞི་བཅོས་སྐྱོང་ལ་ལམ་ལུགས་ཀྱི་རྨང་གཞི་བརྟན་པོ་བཏིང་ཡོད།

    དེ་དང་ཆབས་ཅིག རང་ལྗོངས་ཀྱིས་ལྷ་ས་ཚོད་ལྟ་བྱ་ཡུལ་དུ་བྱས་ནས་སྤྱི་པའི་གྲངས་གཞིའི་དབང་སྤྲོད་གཉེར་སྐྱོང་ལ་སྐུལ་འདེད་བཏང་སྟེ། ལྗོངས་ཡོངས་ཀྱི“1+7+N”སྲིད་དོན་གཞི་གཅིག་ཅན་གྱི་གྲངས་གཞི་ཆེན་པོའི་མ་ལག་བཙུཌ་པ་དང་། ལྗོངས(ཀྲུང་དབྱང)ཐད་གཏོགས་ཚན་པ་137གྱི་གསང་བ་དང་འབྲེལ་བ་མེད་པའི་སྲིད་དོན་གྱི་ཆ་འཕྲིན་མ་ལག་529ཡོངས་དྲ་ཐོག་ཏུ་བཏང་བས། བསྡུ་རུབ་བྱས་པའི་གྲངས་གཞིའི་བསྡོམས་འབོར་དུང་ཕྱུར་34.28ཟིན་པ་དང་། གྲངས་གཞིའི་ཐོན་ཁུངས་དཀར་ཆག་གསལ་ཐོ་6760ཁྱབ་བསྒྲཌ་བྱས་པ། སྲིད་དོན་གྲངས་གཞི་མཉམ་སྤྱོད་དང་བཀོལ་སྤྱོད་ཐེངས་31.63ཟིན་པ། གྲངས་གཞིའི་ཐོན་རྫས་ཀྱི་གྲངས་འབོར་275ཟིན་པ་བཅས་རེད།

    གཞན་ཡང་། རང་ལྗོངས་ཀྱིས་ད་དུང་རང་སྐྱོང་ལྗོངས་ཀྱི་གྲངས་གཞི་ཆེན་པོའི་ལས་སྟེགས་ཀྱིས་བསྡུ་རུབ་བྱས་པའི་གྲངས་གཞིའི་ཐོན་ཁུངས་འབོར་ཆེན་ལ་བརྟེན་ནས་ལྗོངས་ཡོངས་ཀྱི“ཐོན་ལས་ཆེན་པོ་དགུའི་དཔེ་རིས”བརྙན་ཤེལ་ཆེ་འབྲིང་ཆུང་གསུམ་ནས་ལྟ་ཐུབ་པ་དང་འབྲེལ། དཔལ་འབྱོར་སྤྱི་ཡོངས་ཀྱི་འགག་རྩའི་དམིགས་ཚད་དུས་ཐོག་ཏུ་མངོན་པར་བྱས་ནས་ལས་རིགས་ཀྱི་དབྱེ་ཞིབ་དང་ཐབས་ཇུས་ལ་རམ་འདེགས་བྱེད་ཀྱི་ཡོད།

    རང་ལྗོངས་ཀྱི་གྲངས་གཞི་བསྡུ་རུབ་དང་གྲངས་གཞི་མཉམ་སྤྱོད་གོམ་ཞེང་ཆེན་པོས་རྒྱུན་ཆད་མེད་པར་མདུན་སྐྱོད་བྱེད་བཞིན་ཡོད།

    གྲངས་འཛིན་ཕྱོགས་སྒྱུར་སྐུལ་འདེད་བཏང་། ཐོན་ལས་ཚོ་འདུས་སྟོབས་ཆེར་སོང་།

    དེ་སྔ་རང་ལྗོངས་ལ་ཐོན་ལས་གྲུབ་ཆ་སྣ་གཅིག་དང་། ཐོན་ལས་འཁོར་འབྲེལ་ཐུང་བ། ཚན་རྩལ་འདུས་ཚད་དམའ་བ་སོགས་ཀྱི་གནད་དོན་འཕྲད་པས། གྲངས་འཛིན་ལག་རྩལ་བཀོལ་སྤྱོད་ལ་མཐུན་རྐྱེན་སྦྱོར་བ་དེ་དཀའ་གནད་དེ་སེལ་བའི“འགག་རྩའི་ཐབས་ཇུས”ཤིག་ཏུ་གྱུར་ཡོད།

    ད་ལོ་རང་ལྗོངས་ཀྱིས་ཚུགས་གནས་མཐོ་པོས་གྲངས་འཛིན་ཐོན་ལས་འཕེལ་རྒྱས་ཇུས་འགོད་བྱས་པ་སྟེ། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་གྲངས་འཛིན་བོད་ལྗོངས་འཛུགས་སྐྱོང་དང་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་འཆར་འགོད་སྒྲིག་བཟོ་བྱས་ཏེ《བོད་རང་སྐྱོང་ལྗོངས་ཀྱིས་གྲངས་འཛིན་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི(2025—2030ལོ་བར)》བཏོན་པ་དང་། 《རྩིས་ནུས་ཐོན་ལས་བཀོད་པའི་རིགས་པས་ཁུངས་སྐྱེལ་གྱི་བོད་རང་སྐྱོང་ལྗོངས་ཀྱི་ཞིབ་འཇུག་སྙན་ཞུ》བཟོས་ནས་ཁྱབ་བསྒྲགས་བྱས་པ། རྩིས་ནུས་ཐོན་ལས་ཀྱི་བཀོད་པ་ཚན་རིག་དང་མཐུན་པར་ལེགས་སུ་བཏང་བ། གྲངས་འཛིན་དཔལ་འབྱོར་ཁེ་ལས་ཀྱི་རིམ་སྤོར་གསོ་སྐྱོང་ལ་ཤུགས་སྣོན་བརྒྱབ་པ་བཅས་ལས། ས་གནས་དེ་གའི་གྲངས་འཛིན་དཔལ་འབྱོར་ཁེ་ལས་ཀྱི་འདེགས་སྐྱོར་ནུས་པ་རྒྱུན་མཐུད་ཆེ་རུ་ཕྱིན་ཡོད། མིག་སྔར། རང་ལྗོངས་ཀྱི་གཞི་ཁྱོན་ཡན་གྱི་གྲངས་འཛིན་དཔལ་འབྱོར་ཁེ་ལས་རིམ་རྩིས་བརྒྱབ་ན་62ཟིན་ཏེ་ཟླ་དང་པོ་ནས་བཅུ་པའི་བར་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར་114.37ཟིན་ཡོད། རིམ་རྩིས་བརྒྱབ་ན་རྒྱལ་ཁབ་རིམ་པའི་མཐོ་གསར་ལག་རྩལ་ཁེ་ལས་169དང་རྒྱལ་ཁབ་རིམ་པའི་གསར་གཏོད་རྟེན་གཞི་22སྐྱེད་སྲིང་བྱས་ཡོད།

    ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་དུ་གནས་པའི་བོད་ལྗོངས་ཞིང་ས་གཤིན་པོའི་དངོས་ལས་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་གི་འགན་འཁུར་བ་ཁྲེ་ཞའོ་ཧོན་གྱིས་བརྙན་ཤེལ་ཆེན་པོར་བལྟས་ནས་དྲོད་ཚད་དང་བཤེར་ཚད་བརྟན་པོ་ཡོད་མེད་དང་དམར་ཕྱིའི་ཚོར་ཆས་ལ་བརྟེན་ནས་བོད་ཕག་གི་གནས་ཚུལ་དུས་ཐོག་ཏུ་བརྒྱུད་སྤྲོད་བྱེད་ཀྱི་ཡོད། “དེ་སྔོན་མི་ལྔ་ཡིས་ཕག་པ་མགོ་གྲངས་2000ཙམ་ལ་ལྟ་སྐྱོང་བྱེད་དགོས་པས་དཀའ་ལས་ཆེན་པོ་ཡོད། ད་ཆ་མི་3གྱིས་ཕག་པ་མགོ་གྲངས་3000ཙམ་ལ་ལྟ་སྐྱོང་བྱས་ནའང་ལས་སླ་པོ་ཡོད”ཁོང་གིས་ཙིག་རྟགས་བསྒུལ་ནས་བཀོལ་སྤྱོད་སྟབས་བདེ་ཞིག་བྱས་ཏེ་རྫོང་ཡོངས་ཀྱི་ལག་ཡོད་བོད་ཕག་གི་མགོ་གྲངས་དང་། བདེ་ཐང་གི་གནས་ཚུལ། སྐྱེ་འཕེལ་མྱུར་ཚད་བཅས་གསལ་ཐག་ཆོད་མཐོང་ཐུབ་ཀྱི་ཡོད། བློ་རིག་ལས་སྟེགས་དེས་མི་ཁ་ཐང་བའི་དཀའ་གནད་བསལ་ཏེ་གསོ་སྤེལ་གྲངས་འབོར་རྒྱུན་ཆད་མེད་པར་འཕར་བའི་དཀའ་གནད་སེལ་བ་མ་ཟད། བོད་ཀྱི་དཔལ་འབྱོར་འཕར་བར་ཡང་གསོན་ཤུགས་གསར་པ་བསྣན་ཡོད།

    རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གི་འབྲེལ་ཡོད་འགན་འཁུར་བས། “ང་ཚོས‘ལོ་ལྔ་ཚན་བཅོ་ལྔ་པའི’རིང་གི་གྲངས་འཛིན་བོད་ལྗོངས་འཛུགས་སྐྱོང་དང་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་ལག་བསྟར་ཐབས་ལམ་ཚན་རིག་དང་མཐུན་པར་འཆར་འགོད་བྱས་ཏེ་དངོས་ཚན་དཔལ་འབྱོར་དང་གྲངས་འཛིན་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་མཐོ་གསར་གྲངས་འཛིན་ཐོན་ལས་དེ་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི‘སྒུལ་ཤུགས་གསར་པར’གཏོད་གང་ཐུབ་བྱ་རྒྱུ་ཡིན”ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།