དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གཏམ་རྒྱུད་ཉན་བཞིན་མི་མེད་ལུང་སྟོང་དུ་བསྐྱོད་ཚེ་སྟོང་ལྷང་ལྷང་གི་སྣང་བ་ཡོང་མི་སྲིད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-26

    འདི་ནི་ཇོ་མོ་བདག་སྐྱོང་ས་ཚིགས་ཀྱི་སྐོར་གཡེང་ཁུལ་དུ་ཡོད་པའི་འབྲོང་ཡིན་པ།

    ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་རོང་དམར་བདག་སྐྱོང་ས་ཚིགས་ནས་ཁ་ཤར་ལ་གཏད་དེ་མཚོ་གཉིས་རྫོང་དུ་སྐྱོད་པའི་ལམ་བུ་ནི་མུ་མཐའ་མེད་པའི་ཐང་སྟོང་ཡིན་པས་སྐྱོ་སྣང་ཞིག་དབང་མེད་དུ་སྟེར། དུ་བ་སྔོ་འཕྱུར་འཕྱུར་ཞིག་མིག་ལམ་དུ་མ་མངོན་པའི་བར་ཁོ་ར་ཁོར་ཡུག་ཀུན་སྐྱ་ཐེར་ཐེར་དུ་གནས།

    “ཉི་མ་རྫོང་གི་ཇོ་མོ་བདག་སྐྱོང་ས་ཚིགས་སུ་སླེབས་ཉེར་ཡོད་པས། ཚང་མ་རླངས་འཁོར་ནས་བབས་ཏེ་སྤེལ་རེས་བྱེད་པ་དང་ངལ་གསོ་རྒྱག་རྒྱུའི་གྲ་སྒྲིག་གྱིས”ཞེས་ལབ་པར་ནས་གྲགས་པའི་སྐད་ཆ་ལས་སེམས་ནང་བདེ་སྣང་དང་དྲོ་སྐྱིད་ཀྱི་སྣང་བ་ཞིག་བྱུང་བ་མ་ཟད། ད་དུང་ས་ཆ་དེ་བརྟན་སྲུང་བྱེད་མཁན་ལ་གུས་སེམས་ཀྱང་བསྐྱེད་བྱུང་།

    བདག་སྐྱོང་ས་ཚིགས་ཀྱི་སྒོ་རའི་ནང་སྐྱོད་སྐབས་གཙོད་ཕྲུག་གསུམ་ཅི་དགར་ཕར་འགྲོ་ཚུར་འོང་བྱེད་བཞིན་ཡོད་པ་མཐོང་བྱུང་། བདག་སྐྱོང་ས་ཚིགས་དེ་ནི་སྐོར་གཡེང་བ་ཚོའི་ལམ་སྟོན་སྒྲོན་མེ་ལྟ་བུ་ཞིག་རེད་ལ། རི་སྐྱེས་སྲོག་ཆགས་ཀྱི་ཉེན་གཡོལ་གྱི་ས་ཆ་ཞིག་ཀྱང་རེད།

    “གཙོད་ཕྲུག་གསུམ་པོ་འདི་གར་ཆུ་འཐུང་བ་དང་རྩྭ་ཟ་བར་སླེབས་མ་ཐག་རེད”ཅེས་བདག་སྐྱོང་བ་ཚེ་རིང་ལྷ་རྒྱལ་གྱིས་བཤད།

    ཚེ་རིང་ལྷ་རྒྱལ་གྱི་སྐད་ཆ་དེས་ངའི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་པས། རྒྱུན་དུ་འདི་གར་ཡོང་མཁན་གཙོད་ཕྲུག་གསུམ་པོ་ནས་འགོ་བཙུགས་ཏེ་སྲུང་སྐྱོང་བ་དང་བྱང་ཐང་གི་སྲོག་ཆགས་དབར་གྱི་སུས་ཀྱང་མི་ཤེས་པའི་མི་སེམས་འགུལ་བའི་གཏམ་རྒྱུད་ཤེས་རྟོགས་བྱ་རྒྱུའི་ཐག་བཅད།

    ད་ལོའི་ཟླ་6པར། གཙོད་ཕྲུག་བཙའ་བའི་དུས་སུ་བདག་སྐྱོང་རུ་མིས་སྐོར་གཡེང་བྱེད་སྐབས་གཙོད་ཕྲུག་7སྐྱེས་མ་ཐག་ཨ་མ་དང་ཁ་ཐོར་བ་མཐོང་བས་བདག་སྐྱོང་ས་ཚིགས་སུ་ཁྲིད་དེ་ལྟ་རྟོག་བྱས། ཟླ་བ་གཅིག་ལྷག་ཙམ་སོང་རྗེས་གཙོད་ཕྲུག་ཚོ་ཁྱུ་ཚོགས་ཀྱི་ཁྲོད་བདེ་བླག་ངང་ལོག་ཐུབ་པ་བྱུང་རུང་། གཙོད་ཕྲུག་དེ་དག་འདི་ནས་ཁ་འབྲལ་མི་འདོད་པ་ལྟར་རྟག་ཏུ་བདག་སྐྱོང་ས་ཚིགས་ཀྱི་སྒོ་རའི་ནང་ཡོང་གི་ཡོད།

    ཚེ་རིང་ལྷ་རྒྱལ་གྱིས“ང་ཚོས་བསྐྱབས་པའི་གཙོད་ཕྲུག་དེ་དག་མི་དང་ཧ་ཅང་འདྲིས་པོ་ཡོད་རུང་གཙོད་ཆེ་བ་ཚོས་དོགས་ཟོན་ཆེན་པོ་བྱེད་ཀྱི་འདུག ཟླ་འདིའི་ཟླ་སྟོད་དུ་རུ་མི་ཚོས་སྐོར་གཡེང་བྱེད་སྐབས་སྒལ་པ་ཁྲག་གིས་འཚོས་པའི་གཙོད་གཅིག་མཐོང་། བསྐྱབས་མ་ཐག་ལུས་པོ་འཚོ་འང་ཟིན་ཐབས་བྲལ་རུང་བདག་སྐྱོང་ས་ཚིགས་སུ་འཁྲིད་སྐབས་རུ་མིའི་ལག་པར་བརྡུངས་ནས་རྨས་སྐྱོན་བཏང་། གཟའ་འཁོར་གཅིག་གི་རྗེས་རྨ་ཁ་སོས་པ་དང་ལུས་སྟོབས་སླར་གསོ་བྱུང་བའི་གཙོད་དེ་གཙོད་ཁྱུའི་ཁྲོད་བདེ་བླག་ངང་ལོག་ཐུབ་པ་བྱུང་ཡོད”ཅེས་བཤད།

    རི་སྐྱེས་སྲོག་ཆགས་སྐྱོབ་རྒྱུ་ནི་བདག་སྐྱོང་ས་ཚིགས་ཀྱི་རྒྱུན་གཏན་གྱི་ལས་ཀ་ཞིག་རེད། ནག་ཆུ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ལོ་ལྟར་རོགས་སྐྱོབ་བྱེད་སྟངས་གསོ་སྦྱོང་བྱེད་ཀྱི་ཡོད་པ་དང་ཚེ་རིང་ལྷ་རྒྱལ་གསོ་སྦྱོང་ནང་ཐེངས་ལྔ་དྲུག་ཞུགས་པས་སྤྱིར་བཏང་གི་ཛ་དྲག་སྨན་བཅོས་བྱེད་ཐུབ་ཀྱི་ཡོད།

    མི་མེད་ལུང་སྟོང་དུ་སྐོར་གཡེང་བྱེད་སྐབས་ཉེན་ཁ་ཆེ་བའི་གནས་ཚུལ་འཕྲད་པ་ནི་རྒྱུན་མཐོང་ཞིག་རེད། ཚེ་རིང་ལྷ་རྒྱལ་གྱིས་2018ལོའི་དབྱར་ཁའི་སྐབས་ཀྱི་འདས་དོན་ཡང་ད་ལྟ་སེམས་ལ་གསལ་ལྷང་ངེར་ངེས་ཡོད། ཁོང་གིས། ཉིན་དེའི་ཕྱི་དྲོའི་ཆུ་ཚོད་གཉིས་པར་ཁོང་དང་རུ་མི་ཞིག་མཉམ་དུ་རླངས་འཁོར་བཏང་ནས་རི་བོ་ཇོ་མོའི་ཉེ་འགྲམ་དུ་སྐོར་གཡེང་བྱེད་སྐབས་གཟབ་གཟབ་མ་བྱས་པའི་རྐྱེན་གྱིས་རླངས་འཁོར་འདམ་རྫབ་ནང་ལུས། འཁོར་རྡོ་ཆེན་པོ་འཚོལ་ས་མེད་པས་ཆུ་ཚོད་གཉིས་ལྷག་ཙམ་རང་སྐྱོབ་བྱས་རུང་། དེ་ལས་ལྡོག་སྟེ་རླངས་འཁོར་དིམ་ཤུགས་ཆེ་རུ་ཕྱིན་པས་རྐང་ཐང་མར་རླངས་འཁོར་ཡོད་པའི་འབྲོག་པའི་ཁྱིམ་དུ་རོགས་རམ་རེ་ཞུ་བྱེད་པར་སྤྱི་ལེ་50ཙམ་སྐྱོད་དགོས་བྱུང་ཞེས་བཤད།

    “ཉིན་དེར་བྲེལ་འཚུབ་ཆེན་པོས་ཕྱིར་བསྐྱོད་པས། སྐོར་གཡེང་བྱས་རྗེས་ལམ་སེང་ལོག་ཐུབ་ཀྱི་རེད་སྙམ་སྟེ་ལྟོ་ཆས་ཀྱང་འཁྱེར་མེད་པས་ལམ་བར་དུ་སྐོམ་དུས་གཙང་ཆུ་འཐུང་བ་དང་ལྟོགས་དུས་སྡུག་རུས་བྱེད་རྒྱུ་ལས་མ་འདས”ཞེས་ཚེ་རིང་ལྷ་རྒྱལ་གྱིས་མི་གཞན་གྱི་གཏམ་རྒྱུད་ཡིན་པ་ལྟར་དལ་དལ་ལྷོད་ལྷོད་ངང་བཤད། ཁོང་གིས“ས་རུབ་རྗེས་གཅན་གཟན་གཏུམ་པོ་སྐྱོད་ཁུལ་ནས་སྐོར་དགོས་པས་ལམ་ལྷོངས་ཡོང་བའི་སྨོན་ལམ་འདེབས་རྒྱུ་ལས་མ་འདས། ཐོ་རེངས་ཆུ་ཚོད་3པར་གཞི་ནས་འབྲོག་པའི་ཁྱིམ་དུ་འབྱོར་བ་དང་དེ་དགོང་གི་ཇ་བསྲུབས་མ་དང་ཚགས་ཤ་སྐམ་པོ་ནི་ངས་ཟ་མྱོང་བའི་བྲོ་བ་ཞིམ་ཤོས་དེ་རེད”ཅེས་བཤད།

    2025ལོའི་ཟླ་11པར། རུ་མི་ཚོས་བདག་སྐྱོང་ས་ཚིགས་ཀྱི་ཉེ་འགྲམ་དུ་གཙོད་ཀྱི་གྲངས་འབོར་གློ་བུར་དུ་ཉུང་དུ་ཕྱིན་པ་ཤེས་རྟོགས་བྱུང་ནས་ཚང་མ་བློ་བཟོད་མི་བདེ་བར་གྱུར། ཚང་མས་རླངས་འཁོར་བཏང་སྟེ་ཤར་ཕྱོགས་ཀྱི་སྤྱི་ལེ་20ལྷག་ཙམ་གྱི་ཐང་དཀར་ས་ཁོངས་སུ་བརྟག་ཞིབ་བྱེད་པར་བསྐྱོད་པས་ཁྱུ་ཚོགས་ཀྱི་གྲངས་འབོར་ད་དུང་ཏག་ཏག་བསྡད་མེད་སྟབས་ལམ་སེང་བདག་སྐྱོང་ས་ཚིགས་དང་བར་ཐག་སྤྱི་ལེ་30ཙམ་ཡོད་པའི་བྲག་ལུང་རི་བོའི་ས་ཁོངས་སུ་བསྐྱོད། གཙོད་ཁྱུ་དང་ཁྱུ་བྱས་ཏེ་དེ་གར་ངལ་གསོ་བ་མཐོང་སྐབས་གཞི་ནས་ཚང་མའི་སེམས་ལྷོད་ལ་བབས། ཚེ་རིང་ལྷ་རྒྱལ་གྱིས“གཙོད་ཡོངས་སུ་ཚང་བ་མ་མཐོང་བར་སེམས་ལྷོད་ལ་བབས་ཐབས་མི་འདུག”ཅེས་བཤད།

    མི་མེད་ལུང་སྟོང་དེར་སྲུང་སྐྱོང་བྱེད་མཁན་རྒྱུན་ཆད་རྒྱུ་མེད། 2015ལོ་ནས་བཟུང་བོད་ཀྱིས་བྱང་ཐང་དུ་བདག་སྐྱོང་ས་ཚིགས་73བསྐྲུན་པ་དང་བདག་སྐྱོང་བ་780བཀོད་སྒྲིག་བྱས་ནས་སྐྱེ་ཁམས་སྲུང་སྐྱོང་ཚད་ལྡན་ཅན་དུ་གྱུར་བར་བྱས་ཡོད། དེའི་ནང་ནག་ཆུ་གྲོང་ཁྱེར་ཡུག་ཁུལ་ལ་བདག་སྐྱོང་ས་ཚིགས་36དང་བདག་སྐྱོང་བ་390ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།