རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་རང་སྐྱོང་ལྗོངས་སྨན་རྩིས་ཁང་དང་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དུ་བརྟག་ཞིབ་གནང་བ།
ཉེ་ཆར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་ཡིས་རུ་སྣེ་ཁྲིད་ནས་རང་སྐྱོང་ལྗོངས་སྨན་རྩིས་ཁང་དང་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དུ་ཕེབས་ཏེ། འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་ཀྱི་གཙོ་གནད་རྣམ་གྲངས་སྤེལ་ཚུལ་དང་། ལྗོངས་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་སྤུས་འབྲས་ལེགས་གཉེར་གྱི་ཡུལ་དངོས་ཚོགས་འདུ་གྲ་སྒྲིག་བྱས་ཚུལ་དང་དེ་བཞིན་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དོན་འཁྱོལ་བྱས་ཚུལ་བཅས་ལ་ས་གནས་ས་ཐོག་ཏུ་བརྟག་ཞིབ་གནང་བ་རེད།
བརྟག་ཞིབ་ཚོགས་ཆུང་གིས་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་ལྟེ་གནས(བོད་ལུགས་གསོ་རིག)དང་། རྒྱལ་ཁབ་ས་མཐོའི་ནད་གཞིའི་གསོ་རིག་ལྟེ་གནས། རང་སྐྱོང་ལྗོངས་སྨན་རྩིས་ཁང་སྒྱུར་བཀོད་རིམ་སྤོར་དང་དེ་བཞིན་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་120མྱུར་སྐྱོབ་ལྟེ་གནས་ཀྱི་སྨན་ཁང་དུ་མ་སླེབས་གོང་གི་མྱུར་སྐྱོབ་བཀོད་གཏོང་ལས་སྟེགས་རིམ་སྤོར་སྒྱུར་བཀོད་སོགས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱས་ཚུལ་ཤེས་རྟོགས་གཏིང་ཟབ་བྱས་པ་དང་སྦྲགས། འབྲེལ་ཡོད་གཙོ་གནད་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་ཀྱང་བྱས་པ་རེད། ལུའོ་མེ་ཡིས། འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ནི་ས་ཁོངས་ཀྱི་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་དང་སྤྱི་པའི་འཕྲོད་བསྟེན་གྱི་ཞན་ཆ་སེལ་བའི་འདེགས་སྐྱོར་གལ་ཆེན་ཞིག་ཡིན་པས། ཕུགས་ལ་གཞི་ཚུགས་པ་དང་། ཚན་རིག་དང་མཐུན་པའི་འཆར་གཞི་འགོད་པ། ཐོན་ཁུངས་ཀྱི་སྟོབས་ཤུགས་གཅིག་སྡུད་བཅས་བྱས་ཐོག་གཙོ་གནད་རྣམ་གྲངས་ཁག་གི་འཛུགས་སྐྲུན་ལ་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་ཚད་གཞི་དང་སྤུས་ཚད་མཐོ་པོས་སྐུལ་འདེད་གཏོང་དགོས་པ་མ་ཟད། བདེ་འཇགས་ཐོན་སྐྱེད་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་བཞག་ནས་བརྒྱུད་རིམ་ཡོངས་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་སྟེ། རྣམ་གྲངས་འཛུགས་སྐྲུན་དང་སྨན་ཁང་འཁོར་སྐྱོད་བརྟན་ལ་བདེ་འཇགས་ལྡན་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།