དཔེ་ལ། ད་ཡིན་ན་དངུལ་ཁང་ལའང་ཁ་བསླུས་ཐེབས་འདུག
ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དཔལ་འབྱོར་མྱུལ་ཞིབ་ཉིང་ལག་རུ་ཁག་གིས་དངུལ་ཁང་ནས་དངུལ་བུན་གཡར་ཏེ་ཁ་བསླུས་རྒྱག་པའི་ལྗོངས་ཡོངས་ཀྱི་མུ་འབྲེལ་གྱོད་གཞི་ཆེན་པོ་ཞིག་ཐོག་མར་རྩད་ཆོད་ནས། ཉེས་གསོག་དོགས་ཅན་30བཟུང་ཞིང་། གྱོད་འབྲེལ་དངུལ་འབོར་སྒོར་ཁྲི་866ལྷག་ཙམ་ཟིན་གྱི་ཡོད་པ་རེད།
ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དཔལ་འབྱོར་མྱུལ་ཞིབ་ཉིང་ལག་རུ་ཁག་གིས་དུས་ཡུན་ལོ་ཕྱེད་ཙམ་རིང་མྱུལ་ཞིབ་ཞིབ་ཚགས་དང་ཞིང་ཆེན་བསྒྲལ་ནས་འདེད་བཟུང་བྱས་པ་བརྒྱུད། མཐར་དངུལ་ཁང་ནས་དངུལ་བུན་གཡར་ཏེ་ཁ་བསླུས་རྒྱག་པའི་མུ་འབྲེལ་གྱོད་གཞི་ཆེན་པོ་དེ་རྩད་ཆོད་ཅིང་། འདི་ནི་གསར་དུ་ཐོན་པའི་དངུལ་རྩའི་ཉེས་གསོག་གྱོད་གཞི་དེ་རིགས་རང་ལྗོངས་ནས་རྦད་དེ་རྩད་ཆོད་ཐེངས་དང་པོ་དེ་ཡིན་པ་རེད། གྱོད་གཞི་འདི་ཞིང་ཆེན(རང་སྐྱོང་ལྗོངས)9ཡི་གྲོང་ཁྱེར་དང་རྫོང་20ལྷག་ཙམ་དུ་བརྩམས་ཡོད་པ་དང་ཉེས་གསོག་དོགས་ཅན་30བཟུང་ཡོད་པ་རེད།

2025ལོའི་ཟླ་5ཚེས་29ཉིན། དངུལ་ཁང་ག་གེ་མོའི་ལྷ་སའི་ཡན་ལག་དངུལ་ཁང་ཞིག་གིས། ཝང་ཆེ་གེ་མོ་སོགས་མི་17གྱིས་དངུལ་གྱི་གཏོང་ཡོང་རྫུན་མ་བཟོས་ཏེ་དངུལ་ཁང་ནས་དངུལ་བུན་སྒོར་ཁྲི་669.17གཡར་རྗེས་འབྲེལ་བ་བྱེད་ཐུབ་ཀྱི་མི་འདུག་ཅེས་གྱོད་དོན་སྙན་སེང་ཞུས། གྱོད་དོན་སྙན་སེང་འབྱོར་རྗེས་དཔལ་འབྱོར་མྱུལ་ཞིབ་ཉིང་ལག་རུ་ཁག་གི་གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་འཕྲལ་མར་འབྲེལ་ཡོད་ཚན་པར་ཞིབ་དཔྱད་བྱེད་པར་བསྐྱོད་རྗེས་མི་17དེ་དག་གིས་བོད་དུ་དངུལ་བཅོལ་ལེན་བྱེད་མྱོང་མེད་པ་ཤེས་རྟོགས་བྱུང་། དཔལ་འབྱོར་མྱུལ་ཞིབ་ཉིང་ལག་རུ་ཁག་གིས་ཉིན་དེ་རང་ལ་ཁྲིམས་ལྟར་གྱོད་དོན་ཐོ་འགོད་བྱས་ཏེ་ཆེད་དོན་གྱོད་སྒྲུབ་ཚོགས་ཆུང་བཙུགས་ནས་བརྟག་དཔྱད་བྱེད་འགོ་ཚུགས་པ་རེད།
ཁུངས་སྣེ་ཤིན་ཏུ་མང་བས་ཆེད་དོན་གྱོད་སྒྲུབ་ཚོགས་ཆུང་གིས་དངུལ་ཁང་དང་། 4Sཚོང་ཁང་། གསོལ་མགྲོན་ཁང་སོགས་ནས་གྲངས་གཞི་བསྡུ་སྒྲིལ་བྱས་པ་བརྒྱུད། ཡོན་ཆེ་གེ་མོས་གཏེ་པོ་བྱེད་པའི་མི་7ཡོད་པའི་ཚོགས་པ་དང་ཝང་ཆེ་གེ་མོས་གཏེ་པོ་བྱེད་པའི་མི་23ཡོད་པའི་ཚོགས་པ་གཉིས་གཏན་འཁེལ་ཐུབ་ཡོད། ཚོགས་པ་འདི་གཉིས་ནི་སྒྲིག་འཛུགས་ཚགས་དམ་ཞིང་ལས་བགོས་ཁ་གསལ་ལྡན་པའི་དངུལ་བུན་གཡོ་ལེན་ཚོགས་པ་ཏིག་ཏིག་ཞིག་ཡིན་པ་དང་ས་ཁོངས་གང་སར་ཕྱིན་ནས་ཉེས་པ་གསོག་གི་ཡོད་པ་རེད།

ཞིབ་བཤེར་བྱས་པ་བརྒྱུད། ཚོགས་པ་དེས་ལྷ་སའི་ཁུལ་ནས་དངུལ་འབོར་སྒོར་ཁྲི་866ལྷག་ཙམ་ཁ་བསླུས་བརྒྱབ་ཡོད་པར་དངུལ་ཁང་གསུམ་གྱི་བོད་དུ་ཡོད་པའི་ཡན་ལག་དངུལ་ཁང་ལ་གྱོང་གུན་ཆེན་པོ་བཟོས་པ་རྩད་ཆོད་ཐུབ་ཡོད། དཔལ་འབྱོར་མྱུལ་ཞིབ་ཉིང་ལག་རུ་ཁག་གིས་གྱོད་གཞི་རྩད་གཅོད་དང་བཙོག་དངུལ་འདེད་ལེན་གྱི་ལས་དོན་མཉམ་དུ་དམ་འཛིན་བྱས་ཏེ། འཕྲལ་དུ་གྱོད་འབྲེལ་རླངས་འཁོར་གྱི་འགྲོ་ལུགས་གཉེར་མཚམས་འཇོག་ཏུ་བཅུག་པ་དང་སྲིད་ཇུས་སྒྲོག་འགྲེལ་བྱས་པ་བརྒྱུད། མཐར་བཙོག་དངུལ་སྒོར་ཁྲི་58.2འདེད་ཐུབ་ཡོད། མིག་སྔར། བཙོག་དངུལ་མུ་མཐུད་དེད་ནས་གྱོང་གུན་ཆུང་དུ་གཏོང་གང་ཐུབ་བྱེད་བཞིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།