མཚོ་སྔོན་གྱི་ས་ངོས་ཆུ་35ལ་རྒྱལ་ཁབ་དཔྱད་ཞིབ་ཀྱི་བཅད་ངོས་ཆུའི་སྤུས་ཚད་100%མུ་མཐུད་རྒྱུན་འཁྱོངས་ཐུབ་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་12ཚེས་18ཉིན། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་ནས་གནས་ཚུལ་འབྱོར་བར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ཞིང་ཆེན་ཡོངས་ཀྱི་ས་ངོས་ཆུ་35ལ་རྒྱལ་ཁབ་དཔྱད་ཞིབ་ཀྱི་བཅད་ངོས་ཆུའི་སྤུས་ཚད་100%མུ་མཐུད་རྒྱུན་འཁྱོངས་ཐུབ་ནས་རྒྱལ་ཡོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི” རིང་100%མུ་མཐུད་རྒྱུན་འཁྱོངས་ཐུབ་པའི་ཞིང་ཆེན་གཅིག་པུ་དེ་ཡིན་པ་དང་། 2024ལོར་ཙོང་ཆུ་རྒྱུག་ཁུལ་གྱི་རྒྱལ་ཁབ་དང་ཞིང་ཆེན་གྱིས་ཚོད་འཛིན་བྱས་པའི་བཅད་ངོས་ཀྱི་ལོའི་ཆ་སྙོམས་ཆུའི་སྤུས་ཚད་ཚང་མ་རིམ་པ་Ⅱདང་དེ་ཡན་དུ་ཐེངས་དང་པོར་སླེབས་པ་མ་ཟད་མུ་མཐུད་རྒྱུན་འཁྱོངས་ཀྱང་ཐུབ་ཡོད་པ་རེད།
ལོ་ལྔ་ཡི་རིང་། མཚོ་སྔོན་གྱིས་ཁ་ཕྱོཌ་མི་འགྱུར་བ་དང་ཤུགས་ཚད་མ་བཅག་པར་གནམ་སྔོན་ཆུ་དྭངས་དང་ས་གཙང་གི་སྲུང་སྐྱོང་དམག་འཐབ་མུ་མཐུད་ཡག་པོ་བརྒྱབ་པ་དང་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་ཡོད། ཆུ་ཁུངས་གསོ་སྐྱོང་གི་ནུས་པ་ཆེ་རུ་གཏོང་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་གཙོ་གནད་རྒྱུག་ཁུལ་ལ་མ་དངུལ་སྒོར་དུང་ཕྱུར་89.46བཏང་སྟེ་ཆུའི་སྐྱེ་ཁམས་སྲུང་སྐྱོང་སླར་གསོའི་རྣམ་གྲངས་148ལག་བསྟར་བྱས་པ་དང་གཙོ་གནད་གཙང་པོ་དང་མཚོའི་བཙོག་འབུད་མདོ་ཁ་བཅོས་སྒྲིག་བྱེད་ཚད་99.5%ཟིན་ནས་གྲོང་ཁྱེར་གྱི་འཚོ་བའི་བཙོག་ཆུ་གཅིག་སྡུད་བསྡུ་རུབ་བྱེད་ཚད་74.92%བར་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། འབྲི་ཆུ་དང་། རྨ་ཆུའི་ཆུ་གཞུང་ཨ་མ། རྫ་ཆུ་བཅས་ཞིང་ཆེན་གྱི་ཁོངས་གཏོགས་ནས་ཐོན་པའི་བཅད་ངོས་ཀྱི་ཆུའི་སྤུས་ཚད་རིམ་པ་Ⅱདང་དེ་ཡན་དུ་མུ་མཐུད་རྒྱུན་འཁྱོངས་ཐུབ་པ་དང་ལོ་ལྟར་སྨད་རྒྱུད་ལ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་600ནས་900བར་གྱི་ཆུ་ཁུངས་རྒྱུག་ཆུ་མཁོ་འདོན་བྱས་ཏེ་དྭངས་ཤིང་གཙང་བའི་ཆུ་བོ་ཤར་ཕྱོགས་སུ་རྒྱུག་ཐུབ་པར་བྱས་ཡོད།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། རྒྱལ་ཁབ་ཀྱིས་ཞིང་ཆེན་ཡོངས་ཀྱི་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཀྱི་དཔྱད་ཞིབ་ལ་ཕུལ་བྱུང་གྲུབ་འབྲས་ཐེངས་གསུམ་ཐོབ་པ་དང་2024ལོར་ལོ་རྒྱུས་ཐོག་གི་གྲུབ་འབྲས་ཡག་ཤོས་ཐོབ་ཡོད། ལོ་ལྔ་ཡི་རིང་། ཞིང་ཆེན་ཡོངས་ཀྱིས་PM_[2.5]འགོག་བཅོས་གཙོ་རྐང་དུ་བྱས་ནས་སྦགས་བཙོག་མང་བར་མཐུན་སྦྱོར་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ངར་ལྕགས་དང་ཨར་འདམ་སོགས་ལས་རིགས་ཁེ་ལས་ལ་སྦགས་བཙོག་བཅོས་སྒྲིག་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ། “རྡོ་སོལ་སོལ་རླངས་སུ་བསྒྱུར་བ”དང་།“རྡོ་སོལ་གློག་ཏུ་བསྒྱུར་བར”སྐུལ་འདེད་མགྱོགས་པོ་བཏང་བས། ཁོར་ཡུག་གི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་གྲངས་2021ལོའི་95.6%ནས་2024ལོའི་96.8%བར་མཐོ་རུ་ཕྱིན་པ་དང་PM_[2.5]ཆ་སྙོམས་གར་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་རེར་ཝེ་ཁེ་20.6ནས་སྨི་རྒྱ་དཔངས་གྲུ་བཞི་མ་རེར་ཝེ་ཁེ་19.1བར་ཆག་སྟེ། རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ། “སྔོ་ཞིང་དྭངས་བའི་མཚོ་སྔོན”འདི་ཉིད་མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་བཀྲག་མདངས་འཚེར་བའི་མིང་བྱང་ཞིག་ཏུ་གྱུར་ཡོད།
འབྲེལ་ཡོད་གསར་འགྱུར།