དགུན་གྱི་གྲང་ངར་ལ་མ་འཛེམས་པར་ཤྭ་བ་མཆུ་དཀར་བསྐྱབས་པ།

འདི་ནི་འཇམ་དབྱངས་བཀྲ་ཤིས(གཡས་ཀྱི་དང་པོ)དང་མང་ཚོགས་ཀྱིས་མཉམ་དུ་ཤྭ་བ་སྐྱོབ་བཞིན་པ།
“ཤྭ་བ་ཁ་ཤས་གཙང་པོའི་ནང་ལྷུངས་ནས་འཁྱགས་ཤི་ཐེབས་གྲབས་འདུག མགྱོགས་པོ་རོགས་པ་གྱིས་དང”
ཟླ་12ཚེས་19ཉིན། སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་སྡེ་དགེ་རྫོང་སྤྱི་བདེ་ཅུས་ལ་མང་ཚོགས་ཀྱི་སྙན་སེང་འབྱོར་ཞིང་། སྙན་སེང་འབྱོར་མ་ཐག་ཅུས་དེའི་རྫ་ཁོག་བར་མ་མངགས་གཏོང་སུའོ་ཡིས་འཕྲལ་མར་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་ཡུལ་དངོས་སུ་རོགས་སྐྱོབ་བྱེད་པར་མངགས། དེ་དུས་ཀྱི་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་10ཟིན་པ་དང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རི་སྐྱེས་སྲོག་ཆགས་ཤྭ་བ་མཆུ་དཀར་གསུམ་འཁྱགས་རོམ་ནང་ལྷུངས་ནས་འཕག་འཚག་རྒྱག་བཞིན་ཡོད། ལས་རོགས་ཉེན་རྟོག་པ་འཇམ་དབྱངས་བཀྲ་ཤིས་ཀྱིས་སྣེ་ཁྲིད་དེ་རུས་པར་ན་ཟུག་བཏང་བའི་འཁྱགས་ཆུའི་ནང་མཆོངས་ནས་ཤྭ་བའི་སྐེ་ལ་སྐྱོབ་ཐག་བསྐོན།
ཉེན་རྟོག་པ་དང་མང་ཚོགས་ཀྱིས་མཉམ་དུ་སྐྱོབ་རོགས་བྱས་པ་བརྒྱུད། ཆུ་ཚོད་གཅིག་ཙམ་སོང་རྗེས་ཤྭ་བ་མཆུ་དཀར་གསུམ་བདེ་བླག་ངང་བསྐྱབས་པ་རེད། རོགས་སྐྱོབ་ནང་ཞུགས་པའི་ལས་རོགས་ཉེན་རྟོག་པ་དང་མང་ཚོགས་ཀྱིས་དེའི་ནང་གི་ཤྭ་བ་མཆུ་དཀར་ཆུང་བ་གཉིས་ཡུལ་མིའི་ཁྱིམ་དུ་བསྐྱལ་ནས་ལྟ་སྐྱོང་བྱེད་དུ་བཅུག ཡུལ་མི་ཉི་ཤར་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཤྭ་བ་མཆུ་དཀར་དག་གཙང་འགྲམ་དུ་ཟས་འཚོལ་སྐབས་སྟབས་མ་ལེགས་པར་འཁྱགས་པའི་ནང་ལྷུངས་པ་དང་ད་ཆ་ཤྭ་བ་གསུམ་ཚང་མ་རང་བྱུང་ཁམས་སུ་གློད་ཟིན་ཡོད། ད་ལོའི་དགུན་ཁ་ཤར་ཚུན་ས་གནས་དེ་གའི་སྤྱི་བདེ་ལས་ཁུངས་ཀྱིས་དགུན་དུས་ཀྱི་སྐོར་ཞིབ་དང་སྐྱེ་ཁམས་སྲུང་སྐྱོང་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་ནས་ས་མཐོའི་སྐྱེ་ཁམས་སྲུང་བར་གཞོལ་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།