དགེ་རྒན་ཆེ་མོ་བ་ཝང་ཀྲུང་ཧུང་གིས།
ས་མཐོའི་ཞིང་འབྲོག་པར་ལོ་འཁོར་མོར་སྔོ་ཚལ་སོས་པ་བཟའ་རྒྱུ་ཡོད་པར་བྱས་པ།

བོད་ལྗོངས་ཞིང་འབྲོག་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཝང་ཀྲུང་ཧུང་།
“ལྟོས་དང་། བང་རིམ་གོང་མ་འདིར་ཉི་འོད་འཕྲོ་ཤུགས་དང་དྲོད་ཚད་ཆེ་ཤོས་ཡིན་པས། དེ་གར་དྲོད་ཚད་མཐོ་པོ་ཐེག་པའི་ཞི་ཀྭ་དང་། ཆེ་ཙི། སུར་པན་བཅས་བཏབ་ཡོད། བང་རིམ་བར་མར་ཉི་འོད་འཕྲོ་ཤུགས་དང་དྲོད་ཚད་ཅུང་དམའ་བས། ལ་ཕུག་དང་། པད་ཚལ། ཀོ་པི་བཅས་བཏབ་ཡོད། བང་རིམ་འོག་མར་ཉི་འོད་འཕྲོ་ཤུགས་དང་དྲོད་ཚད་དམའ་ཤོས་ཡིན་པས། པོ་ཚལ་དང་། རྗེན་ཚལ། ཀེའུ་བཅས་བཏབ་ཡོད”ཅེས་བོད་ལྗོངས་ཞིང་འབྲོག་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཝང་ཀྲུང་ཧུང་གིས་སྐས་ཆུང་ཞིག་གི་སྟེང་ཡར་འཛེགས་མར་འབབ་བྱེད་བཞིན་གསར་འགོད་པར་ངོ་སྤྲོད་བྱས་། ཁོང་གི་གྱོན་གོས་བབ་ཆགས་ཤིང་བལྟས་པ་ཙམ་གྱིས་ཞིང་པ་ཞིག་དང་འདྲ།
2006ལོར་ཁོང་གངས་ལྗོངས་ས་མཐོར་ཐེངས་དང་པོ་ཡོང་བ་ནས་བཟུང་དེ་གར་བརྩེ་བ་ཟབ་མོ་ཆགས་པ་རེད། 2014ལོར། གློ་བུར་གྱི་མཐོང་ཐོས་ཤིག་གིས་ཁོང་ལ“ས་བབ་མཐོ་བའི་ལངས་གཟུགས་སྒོ་རའི་སྔོ་ཚལ་དྲོད་ཁང”ཞིབ་འཇུག་གསར་སྤེལ་བྱ་རྒྱུའི་ཆོད་སེམས་བྱུང་། ལོ་མང་རིང་། ཇི་ལྟར་བྱས་ནས་དྲོད་ཁང་གི་གྲུབ་ཆ་དང་འདེབས་འཛུགས་ཀྱི་བཀོད་པ་ལེགས་སུ་གཏོང་བ་དང་། སྔོ་ཚལ་གྱི་སྣ་ཁ་མང་དུ་གཏོང་བ་སོགས་ཁོང་གིས་རྟག་ཏུ་བསམ་བློ་གཏོང་ས་ནི་རང་ཉིད་ཀྱིས་གསར་གཏོད་བྱས་པའི་སྔོ་ཚལ་འདེབས་འཛུགས་ཀྱི་སྒྲིག་བཀོད་གསར་པ་སྔ་ཙམ་ཁྱབ་གདལ་བཏང་ནས། ས་བབ་མཐོ་བའི་ཁུལ་གྱི་ཞིང་འབྲོག་པར་ལོ་འཁོར་མོར་སྔོ་ཚལ་སོས་པ་ཟ་རྒྱུ་ཡོད་པ་བྱ་རྒྱུ་དེ་རེད།
2014ལོའི་ཟླ་བདུན་པར། ཝང་ཀྲུང་ཧུང་གིས་བོད་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་ཞིབ་འཇུག་བྱ་གཞི་ཞིག་གི་འགན་ཁུར་ནས། ཞིང་འབྲོག་པའི་སྔོ་ཚལ་འཛད་སྤྱོད་གནས་ཚུལ་ལ་བརྟག་དཔྱད་བྱས་པ་རེད། ཉིན་ཞིག ཁོང་ས་བབ་མཐོ་ཚད་སྨི་4000ལྷག་ཙམ་ཡོད་པའི་མཚོ་སྨད་རྫོང་གི་ཞིང་དུད་ཅིག་ཏུ་སྐྱོད་སྐབས། ཁྱམས་འོག་ཏུ་ཨར་འདམ་གྱིས་བཟོས་པའི་གཞོང་པ་གཉིས་བཞག་པའི་ཐོག་འགྱིག་ཤོག་གཡོག་ཡོད་པ་དང་། དེའི་ནང་ཙོང་དང་ཚལ་སོགས་བཏབ་ཡོད་པ་མཐོང་བ་རེད།
ཉིང་ཞཱ་རུ་སྐྱེས་ནས་དེ་གར་འཚར་ལོངས་བྱུང་བའི་ཝང་ཀྲུང་ཧུང་ལ་མཚོན་ན། མ་གཞི་བོད་དང་འབྲེལ་འདྲིས་མེད་མོད། འོན་ཀྱང་། ཁོང་ནུབ་བྱང་ཞིང་ནགས་ཚན་རྩལ་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་ཡིན་སྐབས། སློབ་དཔོན་གྱིས“མཚོ་བོད་ས་མཐོའི་རི་སྐྱེས་སྔོ་ཚལ་ཐོན་ཁུངས་ཕུན་སུམ་ཚོགས་ལ་སྔོ་ཚལ་ཐོན་ལས་ཅུང་རྗེས་ལུས་ཡིན”ཞེས་བརྗོད་པ་སེམས་ལ་བརྟན་པོར་ངེས་ཡོད་པས། 2006ལོའི་ཟླ་བདུན་པར། བོད་ལྗོངས་ཀྱི་སློབ་ཆེན་ཁག་ནུབ་བྱང་ཞིང་ནགས་ཚན་རྩལ་སློབ་ཆེན་དུ་དགེ་རྒན་བསྡུ་བར་ཡོང་སྐབས། ཝང་ཀྲུང་ཧུང་གིས“བོད་དུ་ལས་ཀ་བྱེད་པར་བསྐྱོད་ཚེ་སློབ་ཁྲིད་བྱེད་ཞོར་དུ་སྔོ་ཚལ་ལ་ཞིབ་འཇུག་ཀྱང་བྱེད་ཆོག་པ་མ་རེད་དམ”ཞེས་བསམས་ནས། འབྲེལ་བ་བྱས་ཟིན་པའི་ལས་ཀ་བཞག་སྟེ་གངས་ལྗོངས་ས་མཐོར་ཡོང་བ་རེད།
བོད་ལྗོངས་ཞིང་འབྲོག་སློབ་ཆེན་ནི་ཉིང་ཁྲི་གྲོང་ཁྱེར་གྱི་ནུབ་འདབས་སུ་ཡོད་པ་དང་། ཝང་ཀྲུང་ཧུང་སློབ་གྲྭར་སླེབས་མ་ཐག་ལས་ཀར་ཞུགས་པ་རེད། ལོ་གཉིས་སོང་རྗེས། ཁོང་གིས་བོད་ཀྱི་རི་སྐྱེས་ཙོང་རིགས་ཀྱི་སྐྱེ་དངོས་ལ་ཞིབ་འཇུག་བྱས་པ་རེད། དཔྱད་གཞིའི་ཡིག་རིགས་མང་པོ་བཀླགས་པ་བརྒྱུད། ཁོང་གིས་རི་སྐྱེས་ཙོང་རིགས་ཀྱི་སྐྱེ་དངོས་ལ་སྣ་ཁ་མང་པོ་ཡོད་པ་དང་། གོ་ལ་ཧྲིལ་པོར་སྣ་ཁ་ཆིག་སྟོང་ཙམ་ཡོད་པ་ལས་མཚོ་བོད་ས་མཐོར་སྣ་ཁ་60ལྷག་ཙམ་ཡོད་པས། གསར་སྤེལ་བྱེད་རིན་ཆེན་པོ་ལྡན་པ་ཤེས་རྟོགས་བྱུང་།
ལོ་མང་རིང་འབད་བརྩོན་བྱས་པ་བརྒྱུད། ཝང་ཀྲུང་ཧུང་གིས་མཚོ་ཀན་ཀེའུ(རི་སྐྱེས་ཙོང་གི་རིགས་ཤིག)ཡི་མི་ཐབས་འདེབས་གསོའི་ལག་རྩལ་རགས་ཙམ་ཁོང་དུ་ཆུད་པ་རེད། འདུལ་གསོ་བྱས་རྗེས་ཀྱི་མཚོ་ཀན་ཀེའུ་སྐྱེ་འཚར་ཡག་ལ་བྲོ་བ་ཡང་ཞིམ་པོ་ཡོད། ཡིན་ན་ཡང་། ཞིང་འབྲོག་པ་ཚོར་སྔོ་ཚལ་སོས་པ་དེ་བས་མང་བ་བཟའ་རྒྱུ་ཡོད་པ་བྱེད་རྒྱུ་དེ་དུས་དང་རྣམ་པ་ཀུན་ཏུ་ཝང་ཀྲུང་ཧུང་གི་སེམས་སུ་བཅངས་ཡོད་པ་རེད།
བསམ་བློ་བཞི་གསུམ་བཅུ་གཉིས་བཏང་རྗེས། ཁོང་གིས་སྒོ་རའི་ནང་དྲོད་ཁང་བསྐྲུན་རྒྱུའི་ཐག་བཅད་པ་རེད།
“ས་བབ་མཐོ་བའི་ཁུལ་དུ་ལོ་འཁོར་མོར་དྲོད་ཚད་དམའ་ལ་ལྷགས་པ་ཆེ་བ་དང་། དགུན་ཁར་དེ་བས་གྲང་ངར་དང་ལྷགས་པ་ཆེ་བས་དྲོད་ཁང་བསྐྲུན་པར་འཚམ་པོ་མེད” ཞིང་འབྲོག་པའི་སྡོད་ཁང་མང་ཆེ་བ་ཐོག་བརྩེགས་གཉིས་ལྡན་ཡིན་ལ་སྒོ་རའི་གྱང་གི་མཐོ་ཚད་ལ་སྨི་གཅིག་ནས་གཉིས་ཙམ་ཡོད་པས་ལྟོས་བཅས་ཀྱིས་གདུབ་ཟུམ་གྱི་ཁོར་ཡུག་ཆུང་ཆུང་ཞིག་གྲུབ་ནས་ལྷགས་པ་འགོག་ཐུབ་ཀྱི་འདུག་ཅེས་ཝང་ཀྲུང་ཧུང་གིས་བརྗོད།
“ལས་དོན་འདི་བལྟས་ཙམ་གྱིས་ལས་སླ་པོ་ཞིག་ཡོད་མོད། ཡིན་ན་ཡང་དངོས་སུ་སྒྲུབ་ཚེ་དཀའ་ལས་ཧ་ཅང་ཆེན་པོ་ཡོད” “བསམ་ཡུལ་ལས་འདས་པའི་གནད་དོན་མང་པོ་ཐོན་གྱི་འདུག སྔོན་གྱི་གནད་དོན་ཐག་ཆོད་མ་ཐག གནད་དོན་རྗེས་མ་ཐོན་ཡོང་གི་འདུག”ཅེས་ཝང་ཀྲུང་ཧུང་གིས་བཤད། 2014ལོའི་སྟོན་ཁར། ཁོང་གིས་གསར་སྤེལ་བྱས་པའི་སྒོ་རའི་དྲོད་ཁང་རབས་དང་པོ་སྟེ། འདེབས་གསོ་གཞོང་པ་སུམ་བརྩེགས་ཡོད་པའི་དྲོད་ཁང་གཞུ་དབྱིབས་མའི་མཐོ་ཚད་མི་འདང་བས། ཉི་འོད་གྱང་གིས་བཀག་ནས་སྔོ་ཚལ་སྐྱེ་འཚར་ཡག་པོ་བྱུང་མེད་པ་རེད།
གནད་དོན་དེ་ཐག་གཅོད་བྱ་ཆེད། ཝང་ཀྲུང་ཧུང་གིས་སྒོ་རའི་དྲོད་ཁང་སྤོ་བདེ་པོར་བཟོས་པས། ཉི་འོད་ཕོག་ཐུབ་ཀྱང་ངར་ལྕགས་ཀྱིས་བཟོས་པའི་སྒོ་རའི་དྲོད་ཁང་ཧ་ཅང་ལྕི་བས་སྤོ་བདེ་པོ་མེད་པ་ལག་ལེན་ལས་ར་འཕྲོད་པས། དེ་རྗེས། ཁོང་གིས་སླར་ཡང་གཏན་འཇགས་སུ་བསྒྱུར་ཐོག་སྨི་5ནས་6བར་མཐོ་རུ་བཏང་སྟབས་དྲོད་ཁང་ཕྱི་ནང་གཉིས་ཀྱི་རྣམ་པ་ལྟ་བུ་གྲུབ་པ་རེད།
བསམ་བློ་མང་པོ་བཏང་བ་བརྒྱུད། ཁོང་གིས་ཡུག་འབྲེལ་འདེབས་གསོའི་གཞོང་པ་དེ་གཞོང་པ་ཁག་མང་པོར་བསྒྱུར་ཞིང་གཞོང་པ་རེའི་བར་དུ་བར་མཐོངས་ངེས་ཅན་བཞག དེ་ལྟར་བྱས་པས་གཞོང་པ་འོག་མར་ཉི་འོད་ཡག་པོ་མི་ཕོག་པའི་གནད་དོན་ཐག་གཅོད་ཐུབ་པ་མ་ཟད་དུས་རྒྱུན་གྱི་གཡོག་བྱེད་ཀྱང་བདེ་རུ་ཕྱིན་ཡོད། དེ་ལྟར་2018ལོའི་བར་རྒྱུན་མཐུད་ལེགས་བཅོས་བྱས་མཐར། གཞི་ནས་སྒོ་རའི་དྲོད་ཁང་གི་རྣམ་པ་འདི་གྲུབ་པ་རེད།
དེ་རྗེས། ཝང་ཀྲུང་ཧུང་གིས་ལེགས་བཅོས་རྒྱུན་ཆད་མེད་པ་བྱས་པ།
དྲོད་སྲུང་གི་ནུས་པ་ཆེ་རུ་གཏོང་ཆེད། དྲོད་ཁང་ཕྱི་ནང་དབར་གྱི་བར་ཐག་སྙོམས་པོ་བཟོས་ནས་དྲོད་ཁང་ནང་དྲོད་སྲུང་ཉལ་ཐུལ་བསྣན་པ་དང་། སྔོ་ཚལ་གྱི་སྤུས་ཀ་ལེགས་སུ་གཏོང་ཆེད། ཁོང་གིས་བང་རིམ་རེ་རེར་འདེབས་གསོའི་སྒམ་12བཟོས་པ་ལས་བང་རིམ་གོང་མར་དྲོད་དང་ཉི་འོད་མཁོ་བའི་འཁྲིལ་ལྡན་ཤིང་ཏོག་དང་སྔོ་ཚལ་བཏབ་པ་དང་། བང་རིམ་བར་མར་དྲོད་ཚད་དང་ཉི་འོད་དེ་ཙམ་མི་མཁོ་བའི་སྔོ་ཚལ་བཏབ་པ། བང་རིམ་འོག་མར་བསིལ་གྲིབ་དང་དྲོད་ཚད་དམའ་བར་འཚམ་པའི་འདབ་རིགས་སྔོ་ཚལ་བཏབ་ཡོད། “མདོར་བསྡུས་ནས་བརྗོད་ཚེ་སྒོ་རའི་དྲོད་ཁང་བདེ་འཇགས་བློས་འཁེལ་དང་། སྤྱོད་བདེ་བ། ཉམས་བཟོ་བདེ་བ་བཅས་ཐུབ་ནས། ཞིང་འབྲོག་པས་སྤྱོད་ཐུབ་པ་དང་། སྤྱོད་བདེ་བ། ཡུན་རིང་སྤྱོད་ཐུབ་པ་བཅས་ལ་འགན་ལེན་བྱ་རྒྱུ་དེ་ཡིན་པ་རེད”ཅེས་ཝང་ཀྲུང་ཧུང་གིས་བརྗོད།
དེ་ལྟར་ལེགས་སུ་ཟམ་མི་ཆད་པ་བཏང་བས་ཝང་ཀྲུང་ཧུང་གི་སྒོ་རའི་དྲོད་ཁང་རབས་བདུན་པར་ལེགས་སྒྱུར་བྱུང་ཡོད། སྨི་ངོས་གྲུ་49ཟིན་པའི་སྒོ་རའི་དྲོད་ཁང་ནང་གི་བང་རིམ་གསུམ་ལྡན་གྱི་འདེབས་གསོའི་སྒམ་དུ་སྔོ་ཚལ་སྣ་ཁ་36འདེབས་ཆོག་ལ། དྲོད་ཁང་ཕྱི་ནང་དབར་གྱི་ས་སྟོང་དུ་ཨ་ཤོམ་དང་ཞོག་ཁོག་འདེབས་ཆོག་གི་ཡོད། “ཆེས་གྲང་བའི་དགུན་དུས་སུ་ཡང་འདབ་རིགས་སྔོ་ཚལ་སྣ་ཁ་10གྲངས་འདེབས་ཆོག་གི་ཡོད”ཅེས་ཁོང་གིས་འཛུམ་དམུལ་དམུལ་ངང་བརྗོད།
སྒོ་རའི་དྲོད་ཁང་རབས་བདུན་པ་འདི་ནི་གཞི་རྩའི་ཆ་ནས་ཝང་ཀྲུང་ཧུང་གིས་ལས་ཞོར་དུ་གསར་སྤེལ་བྱས་པ་ཡིན། ལོ་འདི་དག་རིང་། ཁོང་གིས་ཚན་ཞིབ་ཕུད་ད་དུང་དོ་དམ་དང་། སློབ་ཁྲིད། སྤྱི་ཚོགས་ཞབས་ཞུ་སོགས་ཀྱི་ལས་ཀ་བྱས་ནས་ཉིན་ལྟར་བྲེལ་བ་ཧང་ཅང་ཆེན་པོ་ཡོད། ཁོང་གིས་སྔ་རྗེས་སུ་རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་ཐེབས་རྩའི་རྣམ་གྲངས་3གྱི་འགན་ཁུར་ནས། ཕྱིར་བསྐྱོད་དེ་རི་སྐྱེས་ཙོང་གི་སོན་རྩིའི་ཐོན་ཁུངས་བསྡུ་རུབ་བྱས་ཏེ་ནད་འགོག་རང་བཞིན་ཆེ་བ་དང་འཚོ་བཅུད་དེ་བས་ཡག་པའི་རིགས་གསར་པ་སྐྱེད་སྲིང་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།