ཀྲུང་ཁེར་ཨུ་ལྕགས་ལམ་གང་མགྱོགས་ཤར་གཏོང་ཐུབ་པར་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད།
ཁུའུ་ལུའོ་ཧྥུའུ·ཝུའུ་ལན·ཐེ་མུར་པེ་ཁོ་ཝེ་ཆི།

2024ལོའི་ཟླ་12ཚེས་27ཉིན། ཀྲུང་གོ་དང་། ཁེར་གྷི་སི་ཐན། ཨུ་ཟ་བྷེ་ཁི་སི་ཐན་བཅས་དབར་གྱི་ལྕགས་ལམ་རྣམ་གྲངས་ཀྱི་འགོ་ཚུགས་མཛད་སྒོ་ཁེར་གྷི་སི་ཐན་གྱི་མཐའ་མཚམས་གྲོང་ཁྱེར་ཅཱ་ལཱ་ལཱ་པཱ་ཏེ་རུ་འཚོགས་ཤིང་། ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལུའོ་ཧྥུའུ་ས་གནས་ས་ཐོག་གི་བྱེད་སྒོར་ཞུགས་པ་དང་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འགོ་ཚུགས་མཛད་སྒོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ་དང་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་སྨིར་ཅི་གཡོད་ཡེ་ཧྥུའུ་ཡིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད། རྒྱལ་ཁབ་གསུམ་པོའི་གཙོ་བདག་གིས་ཚད་མཐོའི་མཐོང་ཆེན་བྱེད་པ་ལས། ང་ཚོས་ལྕགས་ལམ་དེ་གལ་འགངས་ཆེན་པོ་ཡིན་པ་རྟོགས་པ་མ་ཟད། ལས་འགན་དང་འགན་འཁྲི་ལྕི་པོ་ཡོད་པའང་ཚོར་བྱུང་།
ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ནང་། ཀྲུང་གོ་དང་། ཁེར་གྷི་སི་ཐན། ཨུ་ཟ་བྷེ་ཁི་སི་ཐན་བཅས་དབར་གྱི་ལྕགས་ལམ་བསྐྲུན་པ་ནི་རྒྱལ་ཁབ་གསུམ་པོའི་སྲིད་གཞུང་གིས་ས་ཁོངས་ཕན་ཚུན་འབྲེལ་མཐུད་དང་ས་ཁུལ་དར་རྒྱས་བརྟན་ལྷིང་ལ་སྐུལ་འདེད་གཏོང་བར་དམིགས་ནས་བཏོན་པའི་འཐབ་ཇུས་བཀོད་ཇུས་ཤིག་ཡིན་པ་དེ་ལས། འཐབ་ཇུས་ཀྱི་བགྲོད་ལམ་དེ་གཏོད་པའི་རྒྱལ་ཁབ་གསུམ་པོའི་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འདུན་པ་མངོན་ཡོད་ཅེས་གསུངས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས“ཀྲུང་གོ་དང་། ཁེར་གྷི་སི་ཐན། ཨུ་ཟ་བྷེ་ཁི་སི་ཐན་བཅས་ཀྱི་ལྕགས་ལམ་དེ‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་མཉམ་ལས་ཀྱི་དཔེ་སྟོན་རྣམ་གྲངས་གསར་པ་ཞིག་ཏུ་བསྐྲུན་དགོས”ཞེས་ནན་བཤད་གནང་ཡོད། དེ་ནི་ང་ཚོའི་འབད་བརྩོན་གྱི་ཁ་ཕྱོགས་རེད།
ད་ལོའི་ཟླ་6པར་འཚོགས་པའི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་གཉིས་པར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་། ཁེར་གྷི་སི་ཐན། ཨུ་ཟ་བྷེ་ཁི་སི་ཐན་བཅས་དབར་གྱི་ལྕགས་ལམ་རྣམ་གྲངས་སླར་ཡང་གླེང་གནང་བས་ང་ཚོར་སྐུལ་ལྕག་ཆེན་པོ་ཐེབས་བྱུང་། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལམ་སྲོལ་ནི་ས་ཁུལ་དབར་གྱི་ཧ་ཅང་གལ་འགངས་ཆེ་བའི་མཉམ་ལས་ལམ་སྲོལ་གྱི་གྲས་ཤིག་ཡིན་པ་དེས་རྣམ་གྲངས་མང་པོ་ལག་བསྟར་བྱེད་པར་འགན་ལེན་ནུས་ལྡན་མཁོ་འདོན་བྱས་ཡོད། ང་ཚོ་ནི་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དང་ཀྲུང་གོའི་མཉམ་ལས་ལ་ཞུགས་མཁན་ཡིན་ལ། ཕན་པ་ཐོབ་མཁན་ཡང་ཡིན།
ལྕགས་ལམ་གྱི་འཛུགས་སྐྲུན་པ་ཞིག་ཡིན་པའི་ང་ཚོས་ཀྲུང་གོ་དང་། ཁེར་གྷི་སི་ཐན། ཨུ་ཟ་བྷེ་ཁི་སི་ཐན་བཅས་ཀྱི་ལྕགས་ལམ་རྣམ་གྲངས་བསྐྲུན་པར་དཀའ་ཚེགས་ཆེན་པོ་ཡོད་པ་གསལ་པོ་ཤེས་ཀྱི་ཡོད། ལྕགས་ལམ་བསྐྲུན་སར་རི་མཐོ་གཡང་གཟར་མང་བ་དང་། ལག་རྩལ་གྱི་འགྲན་སློང་ཆེ་བ། ལས་གྲྭའི་གཞི་ཁྱོན་ཆེ་བ། མཐུན་སྦྱོར་བྱེད་པའི་ལས་ཀ་མང་བ་བཅས་ལྷུ་ཚིགས་ཚང་མས་ང་ཚོར་ཚོད་བགམ་བྱེད་བཞིན་ཡོད། སྟབས་ལེགས་པ་ཞིག་ལ། ང་ཚོར་སྟོབས་ཆེའི་ཚོགས་པ་ཡོད་པ་མ་ཟད། རྒྱལ་ཁབ་གསུམ་གྱི་དོ་དམ་མི་སྣ་དང་བཟོ་སྐྲུན་པའི་ཚོགས་པས་དཔུང་པ་མཉམ་གཤིབ་ཀྱིས་འབད་འཐབ་དང་མཉམ་ལས་དམ་ཟབ་བྱེད་བཞིན་ཡོད། ཀྲུང་གོའི་ལྕགས་ལམ་ཁོངས་གཏོགས་ནས་ཡོང་བའི་ལས་རོགས་ཚོ་ཆེད་ལས་ལ་བྱང་བ་དང་། འགན་སེམས་ཆེ་བ། ཉམས་མྱོང་ཕུན་སུམ་ཚོགས་པོ་བཅས་ཡོད་ལ། ལག་རྩལ་གསར་ཤོས་མཉམ་སྤྱོད་བྱེད་པར་ཡང་སྤྲོ་བས་ལག་རྩལ་གྱི་དཀའ་གནད་ཐག་གཅོད་དང་ལས་གྲྭའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ནུས་པ་གལ་ཆེན་ཐོན་ཡོད། ཀྲུང་གོ་དང་། ཁེར་གྷི་སི་ཐན། ཨུ་ཟ་བྷེ་ཁི་སི་ཐན་བཅས་རྒྱལ་ཁབ་གསུམ་གྱི་ལྕགས་ལམ་ཁེ་ལས་རྣམ་གྲངས་འཛུགས་སྐྲུན་ལ་ཞུགས་པ་ལས་མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་སྙིང་སྟོབས་མངོན་ཡོད།
ད་ལོའི་ཟླ་4པར་ཁེར་གྷི་སི་ཐན་ས་ཁོངས་ནང་གི་དུམ་བུ་ཧྥེར་ཀན་ནཱ་རི་བོ་དང་། ནཱ་ལུན་ཨང་དང་པོ། ཁོ་ཧྲི་ཐེ་པོ་ཡི་ཕུག་ལམ་3བཅས་བསྐྲུན་འགོ་ཚུགས་ཡོད། ཕུག་ལམ་དེ་དག་མཐོ་གྲང་ཁུལ་དུ་གནས་པ་དང་ཚང་མ་ཕུག་ལམ་རྐྱང་པ་དང་ལམ་ཐིག་རྐྱང་པ་ཡིན་ལ། རིང་ཚད་ཆ་སྙོམས་སྤྱི་ལེ་10ཡོད་པ་དེ་ནི་ཀྲུང་གོ་དང་། ཁེར་གྷི་སི་ཐན། ཨུ་ཟ་བྷེ་ཁི་སི་ཐན་བཅས་དབར་གྱི་ལྕགས་ལམ་གྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་གལ་ཆེན་ཞིག་རེད། ལས་གྲྭའི་མྱུར་ཚད་འགན་ལེན་བྱ་ཆེད། ང་ཚོས་མཐུན་རྐྱེན་གང་ལེགས་བསྐྲུན་ནས་དགུན་དུས་ལྕགས་ལམ་སྐྲུན་འགོ་ཚུགས་ཡོད། གྲང་ངར་ཆེ་བའི་དུས་ད་ལྟ་ཡང་རྒྱལ་ཁབ་གསུམ་གྱི་ལས་དོན་མི་སྣས་སྔར་བཞིན་ལས་གནས་བརྟན་སྲུང་དང་འབད་བརྩོན་ཆེན་པོས་འགག་སྒྲོལ་བྱས་ཏེ་ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་པོས་ལས་གྲྭའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བཞིན་ཡོད།
ངས་ལྕགས་ལམ་ཤར་གཏོང་གི་ཉིན་དེ་འཆར་རྒྱུ་སྒུག་བཞིན་ཡོད། ལྕགས་ལམ་ཤར་གཏོང་ཐུབ་རྗེས། ངས་ནང་མི་དང་འཛུགས་སྐྲུན་ཚོགས་པའི་ལས་རོགས་ཁྲིད་ནས་མེ་འཁོར་ལ་བསྡད་དེ་སྤྲོ་སྣང་མཉམ་སྤྱོད་བྱ་རྒྱུ་མ་ཟད། ངས་ནང་མི་ཚོར་ལྕགས་ལམ་འདི་སྐྲུན་སྐབས་ཀྱི་འབད་འཐབ་ཀྱི་སྐོར་དང་ཀྲུང་གོ་དང་ཨུ་ཟ་བྷེ་ཁི་སི་ཐན་ནས་ཡོང་བའི་ལས་རོགས་ཚོ་དང་མཉམ་དུ་སེམས་ཤུགས་གཅིག་སྒྲིལ་གྱིས་ཕུགས་འདུན་དོན་དངོས་སུ་གྱུར་བའི་སྐོར་བརྗོད་ཀྱི་ཡིན།
(རྩོམ་པ་པོ་ནི་ཀྲུང་གོ་དང་། ཁེར་གྷི་སི་ཐན། ཨུ་ཟ་བྷེ་ཁི་སི་ཐན་བཅས་དབར་གྱི་ལྕགས་ལམ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཡིན་པ)
འབྲེལ་ཡོད་གསར་འགྱུར།