ཕྲུ་གུས་རྒྱུན་དུ་འབྲེལ་ལམ་སྨྱན་སྦྱོར་སྤྱད་ན་བློ་རྩེ་སྒྲིམ་ནུས་རིམ་གྱིས་ཞན་དུ་འགྲོ་བ་ཞིབ་འཇུག་ལས་ཤེས་རྟོགས་བྱུང་བ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་སི་ཐོག་ཁོར་མོ་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། སུའེ་ཏེན་ཁཱ་ལོ་ལིན་གསོ་རིག་སློབ་གླིང་ཞུགས་པའི་རྒྱལ་སྤྱིའི་ཞིབ་འཇུག་ཞིག་ལས་མངོན་པར། རྟག་ཏུ་འབྲེལ་ལམ་སྨྱན་སྦྱོར་སྤྱོད་མཁན་ཕྲུ་གུའི་བློ་རྩེ་སྒྲིམ་ནུས་ལོ་ཚོད་དང་བསྟུན་ནས་ཞན་དུ་འགྲོ་བ་དང་། བརྙན་འཕྲིན་ལྟ་བ་དང་གློག་ཀླད་རོལ་རྩེད་རྩེ་བ་སོགས་བརྙན་ཤེལ་བྱེད་སྒོ་གཞན་ལ་རོལ་མཁན་གྱི་ཕྲུ་གུར་གནས་ཚུལ་དེ་རིགས་མེད་པ་རེད། ཞིབ་འཇུག་གྲུབ་འབྲས་དེ་ཨ་རིའི《བྱིས་པའི་ཡོངས་བསྒྲགས་ཚན་རིག》དུས་དེབ་ཐོག་བཀོད་ཡོད་པ་རེད།
ཉིན་ཤས་གོང་ཁཱ་ལོ་ལིན་གསོ་རིག་སློབ་གླིང་གིས་ཡོངས་བསྒྲགས་བྱས་པའི་གསར་འགྱུར་སྤྱི་བསྒྲགས་ནང་ངོ་སྤྲོད་བྱས་དོན། འདས་ཟིན་པའི་ལོ་15ཡི་རིང་། གློག་རྡུལ་བརྙན་ཤེལ་དང་གྲངས་འཛིན་སྨྱན་སྦྱོར་སྤྱོད་མཁན་ཇེ་མང་དུ་ཕྱིན་ནས། རྒྱལ་ཁབ་མང་པོར་ནད་རྟགས་ཆོད་པའི་བློ་རྩེ་སྒྲིམ་མི་ཐུབ་མཁན་དང་འགུལ་མང་བར་གེགས(རྒྱུན་དུ་འགུལ་མང་ནད་ཞེས་འབོད)ཡོད་མཁན་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད། ཚན་ཞིབ་ཚོགས་པས་བརྙན་ཤེལ་མི་འདྲ་བའི་བེད་སྤྱོད་གོམས་གཤིས་དང་འབྲེལ་ཡོད་ནད་རྟགས་དབར་འབྲེལ་བ་ཡོད་མེད་འཚོལ་ཞིབ་ཐུབ་རེ་བྱེད་ཀྱི་ཡོད།
ཞིབ་འཇུག་ལས་ཤེས་རྟོགས་བྱུང་བར། ཕྲུ་གུས་འབྲེལ་ལམ་སྨྱན་སྦྱོར་སྤྱོད་པའི་དུས་ཚོད་ལོ་ན་ཆེ་རུ་འགྲོ་བ་དང་བསྟུན་ནས་མངོན་གསལ་དོད་པོས་མང་དུ་འགྲོ་གི་ཡོད་དེ། ལོ་དགུ་སླེབས་མཁན་གྱིས་ཉིན་རེར་ཆ་སྙོམས་སྐར་མ་30ཙམ་སྤྱོད་ཀྱི་ཡོད་པ་དང་ལོ་13ལ་སླེབས་མཁན་གྱིས་ཆུ་ཚོད་2.5ཙམ་རིང་བ་སྤྱོད་ཀྱི་་ཡོད། དབྱེ་ཞིབ་བྱས་འབྲས་ལས་མངོན་པར། འབྲེལ་ལམ་སྨྱན་སྦྱོར་བེད་སྤྱོད་དང་ཕྲུ་གུའི་བློ་རྩེ་སྒྲིམ་ནུས་དབར་འབྲེལ་བ་མངོན་གསལ་དོད་པོ་ཡོད་པ་དང་། ཕྲུ་གུས་རྟག་ཏུ་འབྲེལ་ལམ་སྨྱན་སྦྱོར་སྤྱད་ཚེ། དེའི་བློ་རྩེ་སྒྲིམ་ནུས་ལོ་ཚོད་དང་བསྟུན་ནས་རིམ་གྱིས་ཞན་དུ་འགྲོ་གི་ཡོད། བརྙན་འཕྲིན་ལྟ་བ་དང་གློག་ཀླད་རོལ་རྩེད་རྩེ་བར་གནས་ཚུལ་དེ་རིགས་མེད། ཞིབ་འཇུག་དེ་ལས་ཕྲུ་གུའི་འགུལ་མང་ངམ་ཡང་ན་ངར་ལངས་བྱ་སྤྱོད་འབྲེལ་ལམ་སྨྱན་སྦྱོར་བེད་སྤྱོད་བྱེད་མང་དུ་འགྲོ་བ་དང་བསྟུན་ནས་ཤུགས་ཆེ་རུ་འགྲོ་བའི་གནས་ཚུལ་ཤེས་རྟོགས་བྱུང་མེད།
འབྲེལ་ཡོད་གསར་འགྱུར།