དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས།
ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱེད་པ་ནི་འཕེལ་རྒྱས་ལྟ་བའི་གསར་བརྗེ་གཏིང་ཟབ་ཞིག་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། “དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལྗང་མདོག་ཅན་དང་ཐཱན་ཉུང་ཅན་ལ་སྐུལ་འདེད་གཏོང་བ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་འགག་རྩའི་ལྷུ་ཚིགས་ཤིག་རེད”ཅེས་གསུངས་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་གཏིང་ཟབ་བསྟར་ཏེ། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་སྦགས་བཙོག་འགོག་བཅོས་ལ་ཤུགས་སྣོན་རྒྱག་པ། ནུས་ཤུགས་ཡོད་རྒུས་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་ལེགས་སུ་གཏོང་བ་བཅས་བྱས་ཏེ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ཧུར་ཐག་སྐྲུན་དགོས།
ཐཱན་ཁྲོམ་ར་སྐྲུན་པར་ཤུགས་སྣོན་བརྒྱབ་ནས་སྲོལ་རྒྱུན་ཐོན་ལས་ཕྱོགས་སྒྱུར་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་དང་། ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ། མཛེས་སྡུག་ལྡན་པའི་གཙང་པོ་དང་མཚོ་སྲུང་སྐྱོང་དང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། འབབ་རྒྱུད་ཀྱི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གང་ལེགས་བྱེད་པ། དེང་རབས་ཅན་གྱི་སྐྱེ་ཁམས་ཁོར་ཡུག་གི་ལྟ་ཞིབ་ཚད་ལེན་མ་ལག་བཙུགས་ཏེ། སྐྱེ་ཁམས་ཁོར་ཡུག་གི་ལྟ་ཞིབ་ཚད་ལེན་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་བ་ལ་སོགས། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་ཡོང་བར་སྐུལ་འདེད་ཏན་ཏིག་བཏང་བ་དང་། མཛེས་སྡུག་ལྡན་པའི་ཀྲུང་གོ་སྐྲུན་པར་གོམ་སྟབས་གལ་ཆེན་ཞིག་སྤོས་ཡོད།
སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དང་སྐྱེ་ཁམས་མ་ལག་ལེགས་སུ་གཏོང་བར་སྐུལ་འདེད་གཏིང་ཟབ་བཏང་སྟེ། སྐྱེ་ཁམས་ཀྱི་བདེ་འཇགས་སྲུང་བཅད་བརྟན་པོ་སྐྲུན་པ།
ད་ལོའི་ཟླ་2པར། ཀོང་ཏུང་ཧྲེན་ཀྲེན་གྲོང་ཁྱེར་ནན་ཧྲན་ཆུས་ཀྱི་ཤིས་ལི་མཚོའི་མཐའ་འཁོར་གྱི་ལྗང་མདོག་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་ནས་སྤྱོད་འགོ་ཚུགས་ཡོད། ས་གནས་དེས་འགོག་རྐྱེན་ཉུང་བའི་གསར་སྤེལ་བྱེད་སྟངས་མཐའ་འཁྱོངས་ཀྱིས་ཆུའི་མ་ལག་དང་ནགས་ཚལ་ཉམས་གསོ་བྱས་ཏེ། གྲོང་མིས་རྐང་འཁོར་བཞོན་ནས་འཆམ་འཆམ་དང་མེ་ཏོག་ལྡུམ་རར་ལྟ་སྐོར་བྱེད་པར་སྤུས་ཚད་མཐོ་བའི་སྐྱེ་ཁམས་བར་མཐོངས་ཤིག་བསྐྲུན་ཡོད།
སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། 2024ལོར་རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར་གྱི་PM2.5ཡི་གར་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་རེ་རེ་ནས་ཝེ་ཁེ་29.3ཆག་པ་དེ་2020ལོ་ལས་16.3%ཆག་པ་དང་། སྤུས་ལེགས་ཀྱི་ས་ངོས་ཆུའི་བཅད་ངོས་ཀྱི་བསྡུར་ཚད་90.4%ཟིན་ནས་90%ལས་ཐོག་མར་བརྒལ་བ་མ་ཟད། ནམ་མཁའ་དེ་བས་སྔོ་བ་དང་། ས་གཞི་དེ་བས་ལྗང་བ། ཆུ་མོ་དེ་བས་དྭངས་པ་བཅས་བྱུང་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རྒྱལ་ཁབ་སྤྱི་གླིང་གིས་ལྟེ་བར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་གང་མགྱོགས་བཙུགས་པ་དང་། གཙང་གསུམ་ཆུ་འགོ་སོགས་ཁག་དང་པོའི་རྒྱལ་ཁབ་སྤྱི་གླིང་5བཙུགས་པ། རྒྱལ་ཡོངས་ཀྱི་སྐམ་སའི་ས་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དམར་ཐིག་གི་རྒྱ་ཁྱོན་གྱིས་སྐམ་སའི་ས་ཁོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་བསྡུར་ཚད་བཟུང་ཚད་30%ལྷག་ཙམ་ཟིན་ནས། ནགས་ཚལ་ཁྱབ་ཚད་25%ལྷག་ཙམ་ཟིན་ཡོད་པ་རེད།
དལ་ལྷོད་འཚམ་པོ་དང་ཤུགས་ཚད་དམ་འཛིན་བརྟན་པོ་བྱས་ཏེ་ཐཱན་ཚད་མཐོ་ཤོས་སུ་སླེབས་པར་འོས་འཚམ་ངང་སྐུལ་འདེད་ཧུར་ཐག་གཏོང་བ།
“2022ལོར་སྐྱེལ་འདྲེན་ཐོག་མ་བྱེད་འགོ་ཚུགས་པ་ནས་ད་བར། ཅཱ་ཤིན་གྲུ་ཁའི་ཀྲ་ཕུའུ་གྲུ་ཁ་ཁུལ་དུ་རིམ་རྩིས་བརྒྱབ་ན་ཆིང་ནུས་ལྗིད་ཐེག་རླངས་འཁོར་100ཡིས་གྲུ་ཁ་ཡོངས་ཀྱི་སྲོལ་རྒྱུན་ལྗིད་ཐེག་རླངས་འཁོར་2/3ཀྱི་ཚབ་བྱས་པར། ལོ་ལྟར་གྲུ་ཁར་འབུད་རྫས་ཀྱི་མ་གནས་སྒོར་ཁྲི་300ཙམ་གྲོན་ཆུང་ཐུབ་ཀྱི་ཡོད”ཅེས་ཀྲེ་ཅང་གྲུ་ཁ་ཅཱ་ཤིན་གྲུ་ཁའི་ལས་དོན་ཚད་ཡོད་ཀུང་སིའི་ཀྲ་ཕུའུ་ཡན་ལག་པུའི་ཅིང་ལི་གཞོན་པ་ཀྲུང་ལེང་ལེང་གིས་ངོ་སྤྲོད་བྱས།
རང་རྒྱལ་གྱིས“ཐཱན་གཉིས”ལས་དོན་དེ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཁྱོན་ཡོངས་ཀྱི་བཀོད་སྒྲིག་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནང་དུ་བཅུག་ནས་ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་འཕྲི། སྔོ་ལྗང་རྒྱ་སྐྱེད། འཕར་སྣོན་བཅས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་རྒྱལ་གྱིས་གོ་ལ་ཧྲིལ་པོར་དྲོད་ཁང་རླུང་གཟུགས་འབུད་ཚད་ཆེ་བའི་ཐཱན་འབུད་དབང་ཆའི་ཉོ་ཚོང་ཁྲོམ་ར་བསྐྲུན་ནས་རྒྱལ་ཡོངས་ཀྱི་60%ཡན་གྱི་དབྱང་གཉིས་ཐཱན་འགྱུར་འབུད་ཚད་དོ་དམ་ཚོད་འཛིན་ནུས་ལྡན་བྱས་པ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་མགྱོགས་ཤོས་ཀྱི་བསྐྱར་སྐྱེས་ནུས་རྒྱུའི་མ་ལག་ཆེ་ཤོས་བསྐྲུན་པ། རླུང་གློག་དང་ཉི་ནུས་གློག་འདོན་འཕྲུལ་འཁོར་གྱི་བསྡོམས་འབོར་2030ལོའི་རྒྱལ་ཁབ་ཀྱི་རང་བདག་ལེགས་སྐྱེས་འབུལ་བའི་དམིགས་ཚད་སྔ་སྣུར་དུ་ལེགས་གྲུབ་བྱུང་བ། དབྱང་གཉིས་ཐཱན་འགྱུར་འབུད་ཚད་མུ་མཐུད་ཆག་པ་བཅས་རེད། 2024ལོ་བར་རང་རྒྱལ་གྱི་ནུས་རྒྱུ་གཙང་མའི་འཛད་སྤྱོད་བྱེད་ཚད་ཀྱིས་ནུས་རྒྱུའི་འཛད་སྤྱོད་ཀྱི་བསྡོམས་འབོར་བཟུང་ཚད་28.6%བར་འཕར་བ་དང་རྡོ་སོལ་གྱིས་ནུས་རྒྱུའི་འཛད་སྤྱོད་བཟུང་ཚད་53.2%བར་ཆག་ཡོད་པ་རེད།
ལྗང་མདོག་གི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་མགྱོགས་མྱུར་གྲུབ་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་ལེགས་ཆ་གསར་པ་རྒྱུན་ཆད་མེད་པར་གཏོད་པ།
ནུས་རྒྱུ་གསར་པའི་རླངས་འཁོར་གྱིས་དངོས་རྫས་སྐྱེལ་འདྲེན་དང་། དུ་རླངས་འབུད་པ་དང་ཟི་འདོར་དང་ཟེ་ཚྭ་འབུད་པ། ཁོར་ཡུག་སྲུང་སྐྱོང་སྒྲིག་བཀོད་ཀྱི་སྐུད་ཐོག་ལྡིར་སོ་སྤྲོས་ཆས་ཡོངས་སུ་ཁྱབ་པ་ལ་སོགས“ལོ་ལྔ་ཚན་བཅུ་བཞི་པའི”རིང་ཨན་ཀང་ངར་ལྕགས་མ་རྐང་ཚོགས་པའི་པཱ་ཡུས་ཆོན་ངར་ལྕགས་ཡན་ལག་ཀུང་སིས་ངར་ལྕགས་ཐོན་སྐྱེད་ཀྱི་བརྒྱུད་རིམ་ཡོངས་སུ་འབུད་ཚད་དམའ་བའི་སྒྱུར་བཀོད་ལེགས་གྲུབ་བྱུང་བ་རེད། ཀུང་སིའི་ལྟེ་བའི་ཚོད་འཛིན་ཁང་གི་འབུད་ཚད་ཧ་ཅང་དམའ་བའི་རིག་ལྡན་དོ་དམ་ལས་སྟེགས་ཀྱིས་བཟོ་གྲྭའི་སྦགས་བཙོག་དངོས་པོ་འབུད་སར་དུས་ཐོག་ཏུ་ལྟ་སྐུལ་ཚོད་འཛིན་བྱེད་ཀྱི་ཡོད་པ་རེད།
རང་རྒྱལ་གྱིས་ཐོན་ལས་གྲུབ་ཚུལ་དང་། ནུས་རྒྱུའི་གྲུབ་ཚུལ། འགྲིམ་འགྲུལ་སྐྱེལ་འདྲེན་གྲུབ་ཚུལ་བཅས་ལྗང་མདོག་དང་ཐཱན་ཉུང་ཕྱོགས་སྒྱུར་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ལྗང་མདོག་ཐོན་སྐྱེད་ནུས་ཤུགས་གསོ་སྐྱོང་དང་འཕེལ་རྒྱས་མགྱོགས་སུ་བཏང་ཡོད། མིག་སྔའི་བར། རང་རྒྱལ་གྱིས་གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་ནུས་རྒྱུ་གཙང་མའི་ངར་ལྕགས་ཐོན་སྐྱེད་མ་ལག་བསྐྲུན་པ་དང་ཏུན་དུང་ཕྱུར་9.5ཟིན་པའི་ངར་ལྕགས་སྦོམ་པའི་ཐོན་ནུས་ཀྱི་ལས་རིམ་ཡོངས་ཀྱི་འབུད་ཚད་ཧ་ཅང་དམའ་བའི་སྒྱུར་བཀོད་དམ་ཡང་ན་གཙོ་གནད་ལས་གྲྭ་སྒྱུར་བཀོད་ལེགས་གྲུབ་བྱུང་ཞིང་། ལྗང་མདོག་ཐཱན་ཉུང་གི་འཚོ་བ་སྐྱེལ་སྟངས་རིམ་བཞིན་དར་སྲོལ་ཞིག་ཏུ་གྱུར་བ་དང་ཉིན་རེར་མི་ཐེངས་དུང་ཕྱུར་2ཙམ་གྱིས་སྤྱི་པའི་འགྲིམ་འགྲུལ་ལ་ཞུགས་ནས་འགྲོ་སྐྱོད་བྱེད་ཀྱི་ཡོད།
“ལོ་ལྔ་ཚན་བཅོ་ལྔ་པའི”རིང་ནི་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུ་དེ་གོང་འོག་སྦྲེལ་མཐུད་དང་སྐྱེ་ཁམས་ཁོར་ཡུག་རྩ་བ་ནས་ལེགས་སུ་གཏོང་བའི་འགག་རྩའི་དུས་སྐབས་ཤིག་རེད། “ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེལ་དཔལ་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་ལག་ལེན་བསྟར་ཐོག་ཐཱན་ཚད་མཐོ་ཤོས་སུ་སླེབས་པ་དེས་ཐཱན་སྙོམས་སྦྱོར་ཁྲིད་སྟོན་དུ་བྱས་ནས་ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་འཕྲི། སྔོ་ལྗང་རྒྱ་སྐྱེད། འཕར་སྣོན་བཅས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་བརྟན་པོ་བསྐྲུན་པ། ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ནུས་ཆེ་རུ་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་གལ་ཆེའི་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་གཏོང་དགོས”ཞེས་སྐྱེ་ཁམས་ཁོར་ཡུག་པུའུ་ཡི་ཏང་ཙུའུ་ཡི་ཧྲུའུ་ཅི་སུན་ཅིན་ལུང་གིས་བཤད་པ་རེད།
འབྲེལ་ཡོད་གསར་འགྱུར།