དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དུས་བབ་སྲིད་ཇུས་སྐོར་གྱི་རིམ་སྤེལ་སྙན་ཞུའི་ཚོགས་འདུ་ཐེངས་གཉིས་པ་པེ་ཅིང་དུ་འཚོགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-12-25

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་22ཉིན་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ལྷན། སློབ་གསོ་པུའུ། ཀྲུང་དབྱང་དམག་ཨུད་ཆབ་སྲིད་ལས་དོན་པུའུ། པེ་ཅིང་གྲོང་ཨུད་བཅས་ཀྱིས་མཉམ་དུ་གཉེར་བའི་དུས་བབ་སྲིད་ཇུས་སྐོར་གྱི་རིམ་སྤེལ་སྙན་ཞུའི་ཚོགས་འདུ་ཐེངས་གཉིས་པ་པེ་ཅིང་དུ་འཚོགས་ཤིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཀྲུང་དབྱང་སྒྱུར་བཅོས་གཞུང་དོན་ཁང་གི་རྒྱུན་གཏན་ལས་དོན་གྱི་འགན་འཁུར་ཀྲུའུ་རེན་གཞོན་པ་མུའུ་ཧུང་གིས“ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བར་འཕྲད་པའི་དུས་བབ་དང་ལས་འགན”ཞེས་པའི་ཆེད་དོན་སྙན་ཞུ་གནང་བ་རེད།

    སྙན་ཞུ་གནང་རིང་མུའུ་ཧུང་གིས་བསྟན་དོན། “ལོ་ལྔ་ཚན་བཅུ་བཞི་པའི”རིང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྒྱུར་བཅོས་སྒོ་དབྱེའི་དར་ཆ་མཐོན་པོར་བསྒྲེངས་ཤིང་། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་བཏང་ནས་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་དུས་འཁོར་རང་བཞིན་དང་། གྲུབ་ཆའི་རང་བཞིན། སྒྲིག་སྲོལ་རང་བཞིན་བཅས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་གྲུབ་འབྲས་གལ་ཆེན་གསར་པ་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་རྒྱུ་བཀོད་སྒྲིག་བྱས་ཚུན། ང་ཚོས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་གཏོད་རྒྱུ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཕན་པའི་སྒྱུར་བཅོས་བྱེད་ཐབས་གལ་ཆེན་ཁག་གཅིག་ནུས་ཤུགས་དང་གོ་རིམ་ལྡན་པའི་སྒོ་ནས་བཏོན་ཏེ། འཕར་སྣོན་བརྟན་པོ་དང་། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས། ཉེན་ཁ་སྔོན་འགོག་བཅས་ཐད་ཀྱི་སྒྱུར་བཅོས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་རྒྱུ་དང་གོམ་པ་བརྟན་པོ་སྤོ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཐུབ་པའི་འགན་ལེན་བྱས་ཡོད།

    མུའུ་ཧུང་གིས་ངོས་འཛིན་གནང་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྒྱང་ལམ་གསར་པར་སྐྱོད་སྐབས་སྒྱུར་བཅོས་ནི་ཐོག་མཐའ་བར་གསུམ་དུ་འགག་སྒྲོལ་དཀའ་སེལ་དང་གསར་འབྱེད་མདུན་སྐྱོད་ཀྱི་འགག་རྩའི་བྱེད་ཐབས་ཤིག་རེད། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་རྨང་གཞི་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ཤུགས་རྒྱག་པའི་འགག་རྩའི་དུས་སྐབས་ཤིག་རེད། དེའི་རིང་རང་རྒྱལ་འཕེལ་རྒྱས་ཀྱི་ཁོར་ཡུག་དང་། ཆ་རྐྱེན། འཕར་སྟངས་བཅས་ལ་འགྱུར་ལྡོག་གཏིང་ཟབ་འགྲོ་རྒྱུ་ཡིན་པས། ངེས་པར་དུ་སྒྱུར་བཅོས་དང་གསར་གཏོད་རྩ་བའི་སྒུལ་ཤུགས་སུ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བ་བརྒྱུད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འཕྲད་པའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགོག་རྐྱེན་སེལ་བ་དང་། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་ནང་སྐྱེས་ཀྱི་སྒུལ་ཤུགས་དང་གསར་གཏོད་ཀྱི་གསོན་ཤུགས་འཕེལ་ཐབས་བྱེད་པ། རྙོག་འཛིང་ཆེ་ཞིང་ཛ་དྲག་ཆེ་བའི་ཕྱི་རོལ་གྱི་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་དེ་བས་འཐུས་སྒོ་ཚང་བའི་ལམ་ལུགས་ཀྱི་འགན་ལེན་དང་། དེ་བས་བརྟན་པའི་དངོས་པོའི་རྨང་གཞི། དེ་བས་རང་འགུལ་གྱི་བསམ་པའི་སྟོབས་ཤུགས་བཅས་མཁོ་འདོན་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་ཡོང་བའི་འགན་ལེན་བྱེད་དགོས།

    མུའུ་ཧུང་གིས། ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་རབ་དང་རིམ་པ་ལག་ལེན་གཏིང་ཟབ་བསྟར་བ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པས་བཀོད་སྒྲིག་བྱས་པའི་སྒྱུར་བཅོས་ཀྱི་ལས་འགན་ཁག་ལ་སྤྱི་འདོམས་ཡག་པོ་བྱེད་པ། དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་སྣེ་འདྲེན་དུ་བྱས་ཏེ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་དང་། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར། རྒྱལ་ནང་གི་ཁྲོམ་ར་སྟོབས་ཆེན་འཛུགས་སྐྲུན། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་གང་མགྱོགས་འཛུགས་པ། ཆུ་ཚད་མཐོ་པོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེར་གཏོང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་དང་ས་ཁོངས་མཉམ་འགུལ་ལ་སྐུལ་སྤེལ། མི་དམངས་ཡོངས་རྫོགས་ཐུན་མོང་ཕྱུག་འགྱུར་ཡོང་བར་སྐུལ་འདེད་སོགས་ལ་གཙོ་གནད་དུ་དམིགས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བ། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ། སྒྱུར་བཅོས་བྱེད་ཐབས་ལ་བརྟེན་ནས་དཀའ་གནད་སེལ་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་གི་ངོ་མཚར་ཆེན་པོ་གཉིས་ཀྱི་ལེ་ཚན་གསར་པ་མུ་མཐུད་གཏོད་རྒྱུ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྣམ་པ་གསར་པ་གཏོད་རྒྱུར་སྒུལ་ཤུགས་ཆེན་པོ་དང་ལམ་ལུགས་ཀྱི་འགན་སྲུང་བྱེད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།