དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གྲོང་གསེབ་ཀྱི་ཕྱུགས་རིགས་སྨན་པ་ནས་གྲགས་ཅན་གྱི་ཐང་ག་འཚེམ་དྲུབ་མ་བཞེངས་མཁན་བར།

    —— བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚེ་དབང་རིག་འཛིན་གྱི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-25

    གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་ཤ་རི་བུམ་ལས་རིགས་རྩལ་ནུས་གསོ་སྦྱོང་སློབ་གྲྭའི་རི་མོ་ཁང་དུ། ཚེ་དབང་རིག་འཛིན་གྱིས་བོད་ཆས་གྱོན་ཏེ་ས་གདན་སྟེང་སྐྱིལ་ཀྲུང་དུ་བསྡད་ནས་ཕོ་བྲང་པོ་ཏ་ལའི་ཐང་ག་འཚེམ་དྲུབ་མ་ཞིག་བཞེངས་བཞིན་ཡོད་པ་རེད།

    “ལོ་བཅུ་བདུན་གོང་། ངས་ལ་ལུང་མང་པོ་བརྒལ་ནས་ནོར་ལུག་ལ་སྨན་བཅོས་བྱས་པ་སུ་ཞིག་གིས་ཤེས”2009ལོར་དམའ་འབྲིང་ནས་ཐོན་པའི་ཚེ་དབང་རིག་འཛིན་གྱིས་ཨ་ཕའི་ས་ནས་གྲོང་ཚོར་ཕྱུགས་རིགས་སྨན་པ་དཀོན་པ་དང་སེམས་ཅན་མང་པོ་ཤི་ནས་ཞིང་འབྲོག་མང་ཚོགས་ལ་གྱོང་གུན་ཚབས་ཆེན་ཕོག་པ་ཤེས།

    དེ་རྗེས་ཐེ་ཚོམ་མེད་པར་ཨ་ཕའི་འགྲམ་ནས་ཕྱུགས་རིགས་སྨན་པ་སྦྱོང་རྒྱུའི་སེམས་ཐག་བཅད། ཆུང་དུས་མཐོང་མང་བའི་རྐྱེན་གྱིས་ཕྱུགས་རིགས་སྨན་པའི་གཞི་རྩའི་རྩལ་ནུས་མྱུར་བར་ཁོང་དུ་ཆུད། ཨ་ཕ་རྒས་ནས་རི་ལམ་བགྲོད་དཀའ་བར་བརྟེན། ཁོང་གིས་བློ་བརྟན་འགྱུར་མེད་ངང་ཕྱུགས་རིགས་སྨན་པའི་འགན་འཁྲི་དེ་ཕྲག་ཐོག་ཏུ་བླངས།

    ཕྱུགས་རིགས་སྨན་པ་བྱས་ཚུན། ཚེ་དབང་རིག་འཛིན་གྱིས་འབྲོག་ར་དང་རིམས་འགོག་ས་ཚིགས་བར་ཐེངས་མང་རྒྱུག་ནས་དཀའ་ངལ་མང་པོ་ཁྱད་བསད་བྱས་པ་རེད།

    ཡིན་ན་ཡང་2012ལོར་ཤང་སྲིད་གཞུང་གིས་ཐང་ག་འཚེམ་དྲུབ་མ་གསོ་སྦྱོང་བྱེད་སྐབས་ཁོང་གིས་ཐེ་ཚོམ་མེད་པར་མིང་ཐོ་བཀོད་པ་རེད།

    དེ་རྗེས་ཁོང་རྣམ་གླིང་རྫོང་ཤ་རི་བུམ་ལས་རིགས་རྩལ་ནུས་གསོ་སྦྱོང་སློབ་གྲྭར་ཞུགས་ནས་ཐང་ག་བཞེངས་སྟངས་སློབ་སྦྱོང་བྱེད་མཁན་ཞིག་ཏུ་གྱུར་ཅིང་། གོ་སྐབས་དཀོན་པོ་ཡིན་པ་ཤེས་སྟབས་ཚེ་དབང་རིག་འཛིན་གྱིས་གཅེས་སྤྲས་ལྡབ་བརྒྱ་བྱས་པ་སྟེ། ཁོང་གིས་སྔ་རྗེས་སུ་རྣམ་གླིང་རྫོང་གི་ལྷ་བྲིས་མཁས་ཅན་ཕུན་ཚོགས་རྡོ་རྗེ་དང་སྐལ་བཟང་རྣམ་གཉིས་དགེ་རྒན་དུ་བསྟེན་ནས་རི་མོའི་རྨང་གཞིའི་ཤེས་བྱ་དང་འཚེམ་དྲུབ་ལག་རྩལ་གྱི་བརྒྱུད་རིམ་སློབ་སྦྱོང་བྱས་པ་རེད།

    སྐྱ་ཐིག་རྒྱག་པ་ནས་ཚོས་གཞི་སྡེབ་པ་སོགས་ཀྱི་བར་ཁོང་གིས་བགྲང་བྱ་ལྔ་ལྷག་ཙམ་སློབ་སྦྱོང་མཐར་ཕྱིན་པ་བྱས་པས། སྲོལ་རྒྱུན་འཚེམ་དྲུབ་ཀྱི་ལག་རྩལ་ཁོང་དུ་ཆུད་པ་མ་ཟད། ད་དུང་རྒྱུན་སྲོལ་ལས་བརྒལ་ནས་འཚེམ་དྲུབ་རྒྱག་སྟངས་དང་མཚོན་ཐབས་མི་འདྲ་བ་ཡང་འཚོལ་ཞིབ་བྱེད་ཐུབ་ཡོད།

    2016ལོར། ཕུལ་དུ་བྱུང་བའི་གྲུབ་འབྲས་དང་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་ལོ་28ལ་སླེབས་པའི་ཁོང་སློབ་གྲྭ་དེའི་ཐང་ག་འཚེམ་དྲུབ་མའི་དགེ་རྒན་དུ་གདན་ཞུ་བྱས་པ་རེད།

    སློབ་ཁྲིད་བྱེད་པའི་ཁྲོད། ཁོང་གིས་ངང་རྒྱུད་རིང་པོས་དགེ་ཕྲུག་ཚང་མར་མཛུབ་ཁྲིད་ཡག་པོ་བྱེད་ཀྱི་ཡོད། ཁོང་གི་རེ་འདུན་ཆེ་ཤོས་ནི་དགེ་ཕྲུག་ཚང་མས་ལག་རྩལ་དེ་བྱང་ཆུབ་པ་ཤེས་ཐུབ་པ་བྱེད་རྒྱུ་དེ་རེད། ད་བར་ཁོང་གིས་ཐང་ག་འཚེམ་དྲུབ་མའི་སྒྱུ་རྩལ་པ་ཉི་ཤུ་ལྷག་གསོ་སྐྱོང་བྱས་པའི་ཁྲོད་དབང་པོ་སྐྱོན་ཅན་ཡང་ཡོད། དགེ་ཕྲུག་ཚོས་སོ་སོའི་ལག་རྩལ་ལ་བརྟེན་ནས་ལས་ཞུགས་ཐུབ་སྟེ་འབབ་འཕར་བྱུང་བ་མཐོང་བས་ཚེ་དབང་རིག་འཛིན་དགའ་སྤྲོ་ཆེན་པོ་བྱུང་ཡོད་པ་རེད།

    ལག་རྩལ་ཡར་རྒྱས་ཕྱིན་པ་དང་བསྟུན་ནས་ཁོང་གི་བརྩམས་ཆོས་དག་ཀྱང་རིམ་བཞིན་རྣམ་གླིང་ནས་ཐོན་ཏེ་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་སྐབས་བཞི་པ་དང་། གཞིས་རྩེ་གྲོང་ཁྱེར་གྱི་ཇོ་མོ་གླང་མའི་བཟོ་རྩལ་འགྲན་བསྡུར་སྐབས་དང་པོ་སོགས་གར་སྟེགས་སུ་བསྐྱོད་དེ་བསྔགས་བརྗོད་རྒྱ་ཁྱབ་ཐོབ་ཡོད་པ་རེད།

    2019ལོར་ཚེ་དབང་རིག་འཛིན་ལ“བོད་རང་སྐྱོང་ལྗོངས་ཀྱི་ངལ་རྩོལ་དཔེ་བཟང”གི་གཟི་བརྗིད་མཚན་སྙན་ཐོབ་པ་དང་། 2022ལོར་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་སྤྲད་པའི“རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས”ཐོབ་པ། 2022ལོར་ཚེ་དབང་རིག་འཛིན་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་ལ་བདམས་པ་རེད།

    ཕྱུགས་རིགས་སྨན་པ་ནས་ཐང་ག་འཚེམ་དྲུབ་མའི་དགེ་རྒན་གྲགས་ཅན་དང་། དེ་ནས་གཞི་རིམ་གྱི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པའི་བསམ་འདུན་བརྒྱུད་སྤྲོད་བྱེད་མཁན་སྲིད་གྲོས་ཀྱི་ཨུ་ཡོན་བར། ཁོང་གིས་འབྲོག་པ་དང་ཐང་གའི་སྒྱུ་རྩལ་པ་ཞིག་གི་རེ་བ་བཅངས་ནས《ཞིང་འབྲོག་ཁུལ་གྱི་ཕྱུགས་རིགས་སྨན་པའི་ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཐང་གའི་ལག་རྩལ་ཐོན་ལས་ཅན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ》སོགས་གྲོས་གཞི་མང་པོ་ཕུལ་ཡོད་པ་རེད།

    གཞི་རིམ་མང་ཚོགས་ཀྱི་བསམ་འདུན་མཚོན་པའི་གྲོས་འགོ་དེ་དག་ལ་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ཚད་མཐོའི་མཐོང་ཆེན་གནང་བས། ཚེ་དབང་རིག་འཛིན་གྱིས“སྲིད་གྲོས་ཨུ་ཡོན་གྱི་ཐོབ་ཐང་འདི་ལྗིད་ཏིག་ཏིག་ཅིག་འདུག གྲོས་གཞིར་ཡང་ལན་གནང་བྱུང་བས་ཧ་ཅང་དགའ་པོ་བྱུང”ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།