དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཟླ་དང་པོ་ནས་བཅུ་གཅིག་པའི་བར་ལྗོངས་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་6900ལྷག་ཙམ་ལ་སྣེ་ལེན་ཞུས་པ།

    ཡུལ་སྐོར་གྱི་འགྲོ་སོང་ཁྱོན་སྒོར་དུང་ཕྱུར་798.38ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-25

    ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་ནས་ཤེས་རྟོགས་བྱུང་བར། 2025ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར། ལྗོངས་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་6948.48ལ་སྣེ་ལེན་ཞུས་པར། ཡུལ་སྐོར་གྱི་འགྲོ་སོང་ཁྱོན་སྒོར་དུང་ཕྱུར་798.38ཟིན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར། རང་ལྗོངས་ཀྱིས་ཡུལ་སྐོར་ཐོན་ཁུངས་ཁུལ་58447ལ་ཡོངས་ཁྱབ་ཞིབ་བཤེར་བྱས་པའི་ནང་ཡུལ་སྐོར་ས་ཚིགས་གསར་པ་31748གསར་དུ་ངོས་འཛིན་གཏན་འཁེལ་བྱས་པ་དང་། མཛེས་ལྗོངས་ཁུལ་རྩེ་གྲ་19དང་། རང་སྐྱོང་ལྗོངས་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁུལ་4 རྒྱལ་ཁབ་ཀྱི་A4རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་14བཅས་གསར་དུ་བསྣན་ཡོད་པ་རེད། “བོད་དུ་ཞིབ་སློབ་འགྲུལ་བཞུད་བྱེད”ཅེས་པ་རྒྱལ་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཁྱད་ལྡན་ཡུལ་སྐོར་ལམ་ཐིག་ཏུ་བདམས་པ་དང་། ཉིང་ཁྲི་གྲོང་ཁྱེར་གྱི“གངས་ལྗོངས་ཀྱི་ཁམ་བུའི་ལྡུམ་ར། མེ་ཏོག་གི་རྒྱ་མཚོ”ཞེས་པའི་ཡུལ་སྐོར་ལམ་ཐིག་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་ལམ་ཐིག་རྩེ་གྲར་བདམས་པ། ཀོང་པོ་རྒྱ་མདའ་རྫོང་དེ་ཉིད་རིག་གནས་ཐོན་ལས་ཀྱིས་གྲོང་གསེབ་དར་རྒྱས་ལ་མཐུན་རྐྱེན་སྦྱོར་བའི་རྒྱལ་ཁབ་རིམ་པའི་དཔེ་སྟོན་ས་ཚིགས་ཁག་གཉིས་པར་བདམས་པ་བཅས་རེད།

    དེ་དང་ཆབས་ཅིག ཚོགས་པ་15ཡི་མི་ཐེངས་315ཕྱི་རྒྱལ་དུ་རིག་གནས་སྤེལ་རེས་བྱེད་པར་མངགས་པ་དང་། རྒྱལ་ཁབ་18ཀྱི་རྒྱལ་སྤྱིའི་ཡུལ་སྐོར་ཚོང་པ་180ལྷག་ཙམ་བོད་དུ་རྟོག་ཞིབ་བྱེད་པར་གདན་དྲངས་ཡོད། བོད་ཀྱི་ཡུལ་སྐོར་བྱེད་སའི་ལམ་ཐིག་རྩེ་གྲ་18བཏོན་པ་དང་། བོད་དུ་ཡུལ་སྐོར་གྱི་ཆེད་གཏོང་མེ་འཁོར་25གཏོང་བར་སྐུལ་འདེད་བཏང་བ། རིམ་རྩིས་བརྒྱབ་ན། ལྗོངས་ཡོངས་ཀྱིས་ཕྱི་རྒྱལ་གྱི་ཡུལ་སྐོར་ཚོགས་པ་7929ཡི་ཡུལ་སྐོར་བ་62147ལ་སྣེ་ལེན་ཞུས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།