གཙང་པོའི་སྟེང་གི་ཉིན་བརྒྱའི་འགག་སྒྲོལ།
—— ལྷོ་ཁ་གྲོང་ཁྱེར་ཟ་ར་ལམ་གྱི་གཙང་སྒྲོལ་ཟམ་ཆེན་གྱི་ཨར་སྐྲུན་མཐོང་ཐོས།
ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁོངས་ཀྱི་ཡར་ཀླུང་གཙང་འགྲམ་དུ་ཉིན་ཤས་བསྟུད་མའི་རིང་དགོང་ཞོགས་ཀྱི་དྲོད་ཚད་ཧྲེ་ཧྲི་ཏུའུ་ཀླད་ཀོར་འོག་ཏུ་སླེབས་ཀྱི་ཡོད་ཅིང་། གྲང་ངར་ཆེ་བའི་རླུང་བུས་ངོ་གདོང་གཙེས། ཀྲུང་གོ་ལྕགས་ལམ་གྲོང་ཁྱེར་འགྲིམ་འགྲུལ་འཛུགས་སྐྲུན་ཀུང་སིས་སྐྲུན་འགན་འཁུར་བའི་ལྷོ་ཁ་གྲོང་ཁྱེར་ཟ་ར་ལམ་གྱི་གཙང་སྒྲོལ་ཟམ་ཆེན་སྐྲུན་ཡུལ་དུ་ལས་བྲེལ་ཆེ་ཞིང་། འདི་གར་དུས་ཡུན་ཉིན་བརྒྱ་ཡི་འགག་སྒྲོལ་དམག་འཐབ་ཅིག་གི་འགག་རྩའི་དུས་མཚམས་སུ་སླེབས་ཡོད་པ་རེད།
“ཉིན་100འབད་འཐབ་ཧུར་ཐག་བྱས་ནས་དུས་བཀག་ནང་སྐྲུན་ཚར་བའི་འགན་ལེན་བྱེད་དགོས”ཞེས་པའི་འཕྲེད་འགེལ་སྦྱར་ཡིག་དམར་པོ་ཞིག་རི་ཆུའི་བར་དུ་ཧ་ཅང་མངོན་གསལ་དོད་པོར་སྣང་།
ལྷོ་ཁའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དམངས་འཚོའི་རེ་འདུན་ཆེ་བའི་ལས་གྲྭ་གལ་ཆེན་འདིའི་ངོས་ནས་བརྗོད་ན། དུས་ཚོད་སྐར་ཆ་ཙམ་ཡང་གལ་འགངས་ཤིན་ཏུ་ཆེ། ས་མཐོར་ཨར་ལས་ཀྱི་དུས་ཡུན་མ་གཞི་ནས་ཐུང་ཐུང་ཡིན་པ་དང་དགུན་ཁའི་གནམ་གཤིས་ངན་པ་ནི་འགྲན་སློང་ཧ་ཅང་ཆེན་པོ་ཞིག་ཡིན་མོད། འོན་ཀྱང་ལས་གྲྭའི་མྱུར་ཚད་འགན་ལེན་བྱ་ཆེད། རྣམ་གྲངས་ཚོགས་པས“ཉིན་བརྒྱའི་འགག་སྒྲོལ”བྱེད་འགོ་བརྩམས།
ཞོགས་པའི་ཆུ་ཚོད་བདུན་པར། ཨར་སྐྲུན་ལས་ཡུལ་དུ་སྔ་པོ་ནས་གློག་སྒྲོན་གསལ་ཐིང་ངེར་སྤར་ཡོད།
ཟམ་པ་ཨ་མའི་ཟམ་གདན་ཀ་སྟེགས་བཟོ་ཁུལ་དུ་བཟོ་པ་ཚོས་ལྗིད་ཚད་ཏུན་ཁ་ཤས་ཟིན་པའི་ངར་ལྕགས་ལུགས་པང་སྦྲེལ་མཐུད་གནད་ལ་འཁེལ་པོ་བྱེད་དགོས་ཀྱི་ཡོད། མ་གཞི་ལག་ཤུབས་མཐུག་པོ་གྱོན་རུང་འཁྱགས་པ་ལྟར་གྲང་བའི་ངར་ལྕགས་ཀྱི་ལྷུ་ལག་སྟེང་དུ་ལས་ཀ་བྱེད་དགོས་པས། ཡུན་རིང་མ་འགོར་བར་མཛུབ་མོ་འཁྱགས་རེངས་ཐེབས་ཀྱི་ཡོད། དེར་བརྟེན་ཚང་མས་སྐར་མ་བཅུ་ཙམ་སོང་མཚམས་སུ་ལག་པ་འཕུར་འཕུར་གཏོང་བ་དང་རྐང་པ་བརྡབ་བརྡབ་བྱས་ནས་དྲོད་ཁུག་ཐབས་མི་བྱེད་དཀའ་མེད་དུ་གྱུར།
ས་བབ་སྨི་3560ཙམ་ཟིན་པའི་ཨར་སྐྲུན་ལས་ཡུལ་དུ་གྲང་རླུང་ནི་འདི་གའི་དགུན་དུས་ཀྱི་རྒྱུན་ཕེབས་མགྲོན་པོ་ལྟ་བུ་རེད། གྲང་ངད་ཆེ་བ་ཕུད། ད་དུང་རྟག་ཏུ་ཐིག་ལེན་གྱི་ཞིབ་ཚད་ལ་འགོག་རྐྱེན་བཟོ་བ་དང་བར་སྣང་དུ་ལས་ཀ་བྱེད་པའི་ཉེན་ཁ་ཆེ་རུ་འགྲོ་གི་ཡོད། དྲོད་ཚད་དམའ་བ་དེས་ཨར་འདམ་ལུགས་རྒྱག་གི་སྤུས་ཚད་ལ་ཐད་ཀར་སྐྱོན་བྱེད་ཀྱི་ཡོད་པ་དེ་ནི་ཨར་སྐྲུན་ལས་གྲྭའི་ཉམས་ཞན་ཆེ་ཤོས་ཀྱི་ལྷུ་ཚིགས་ཤིག་རེད།
དྲོད་ཚད་དམའ་བར་ཁ་གཏད་གཅོག་པ་དང་ལྷག་པར་དུ་ཨར་འདམ་ལས་གྲྭའི་སྤུས་ཚད་འགན་ལེན་བྱེད་པ་ནི་དགུན་དུས་འགག་སྒྲོལ་བྱེད་པའི་ལྟེ་བའི་ལག་རྩལ་གྱི་དཀའ་གནད་ཅིག་རེད། དེར་བརྟེན། རྣམ་གྲངས་ཚོགས་པས་ལུགས་པང་གི་ཕྱི་རུ་གཤིས་ནུས་མཐོ་བའི་དྲོད་སྲུང་སྲིང་བལ་དཀྲིས་པ་སོགས་ཀྱི་ལག་རྩལ་དང་ཟུང་འབྲེལ་བྱས་ཏེ། གྲང་འགོག་ཁང་པའི་ནང་གི་ཨར་འདམ་གྱི་དྲོད་ཚད་གནད་སྨིན་སྙོམས་སྒྲིག་བྱས་པ་དང་། དགུན་ཨ་རང་ད་རང་ལའང་ཨར་འདམ་རྒྱུན་ལྡན་དང་བརྟན་པོའི་ངང་སྤྱོད་ཐུབ་པའི་འགན་ལེན་བྱེད་ཀྱི་ཡོད།
རྒྱབ་ཕྱོགས་མཁོ་སྒྲུབ་འགན་སྲུང་ལས་དོན་ཡང་ཧ་ཅང་ཞིབ་ཚགས་པོ་ཡོད་ཅིང་། རྣམ་གྲངས་ཚོགས་པས་བཟོ་པ་ཚང་མར་གྲང་འགོག་ལྭ་བ་མཐུག་པོ་དང་། དྲོད་སྲུང་ལག་ཤུབས། གསོ་རླུང་སྒྲིག་ཆས་སོགས་འགན་སྲུང་དངོས་ཟོག་བགོས་ནས་བཟོ་པ་ཚོས་གྲང་ངད་ཁྲོད་བློ་བདེ་པོས་ཨར་ལས་བྱེད་པར་འགན་ལེན་བྱས་པ་རེད། “མ་གཞི་དཀའ་ངལ་ཆེ་རུང་ཟམ་པ་ཉིན་རེ་བཞིན་ཇེ་མཐོ་དང་ཟམ་ངོས་རིང་དུ་འགྲོ་བ་མཐོང་སྐབས་སེམས་ནང་དགའ་པོ་འདུག ལས་ཀ་ཉིན་གཅིག་གིས་མང་བ་བྱས་ན་ཟམ་ཆེན་ཉིན་གཅིག་གིས་སྔ་བ་ཤར་གཏོང་ཐུབ་ཀྱི་རེད”ཅེས་ལས་ཀའི་ཉམས་མྱོང་ལོ་བཅུ་ཙམ་ལྡན་པའི་ཚ་ལ་རྒྱག་མཁན་བཟོ་པ་ཞིག་གིས་དེ་ལྟར་བཤད།
འབྲེལ་ཡོད་གསར་འགྱུར།