དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • སྲོལ་རྒྱུན་ནས་དེང་རབས་སུ་བསྐྱོད་པའི་ཕྱོགས་ཡོངས་ཀྱི་རིམ་སྤོར།

    —— རང་ལྗོངས་ཀྱིས་བོད་སྨན་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-25

    རང་སྐྱོང་ལྗོངས་ཀྱིས་ནུས་ཤུགས་ཡོད་རྒུས་བཏོད་པའི“ཐོན་ལས་ཆེན་པོ་དགུའི”གྲས་ཤིག་ཡིན་པའི་བོད་སྨན་ཐོན་ལས“ལོ་ལྔ་ཚན་བཅུ་བཞི་པའི”རིང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མྱུར་ལམ་དུ་བསྐྱོད་ཡོད། 2025ལོའི་ཟླ་བ་དང་པོ་ནས་བཅུ་གཅིག་པའི་བར་ལྗོངས་ཡོངས་ཀྱི་བོད་སྨན་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་33.18ཟིན་པ་དང་། ད་ལོ་ཚན་རྩལ་གསར་གཏོད་ཀྱི་འཆར་གཞི་རབ་དང་རིམ་པ་ལག་བསྟར་དང་། གཙོ་གནད་ཐོན་ལས་ཁྱུ་ཚོགས་གསར་སྐྲུན། འགག་རྩའི་སྲིད་ཇུས་ཀྱི་འཇུར་མིག་ཚད་བརྒལ་བཅས་བྱུང་བ་དང་བསྟུན་ཏེ། གནའ་བོའི་ཐོན་ལས་དེ་མ་ལག་རང་བཞིན་གྱི་ནུས་པ་བསྐྱར་དུ་གཏོད་པའི་མཚམས་སུ་སླེབས་ནས་ས་མཐོའི་ཁྱད་ལྡན་ཐོན་ལས་དེང་རབས་ཅན་ལ་གསོན་ཉམས་དོད་པའི་དཔེ་མཚོན་བཏོད་ཡོད།

    ཚན་རྩལ་གྱིས་ཁྲིད་སྟོན་བྱས་པ།

    གསར་གཏོད་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་བསྣན་པ།

    དུས་ཡུན་རིང་པོའི་ནང་བོད་སྨན་གྱི་ཐུན་མོང་མ་ཡིན་པའི་ཕན་ནུས་ལ་མི་མང་པོའི་ཁས་ལེན་ཆེན་པོ་ཐོབ་ཡོད་མོད། འོན་ཀྱང་དེའི་དངོས་པོའི་རྨང་གཞི་དང་ནུས་པའི་རྐྱེན་རྩ་ནི་གསལ་བཤད་བྱེད་དཀའ་བའི་གསང་བ་ལྟ་བུར་གྱུར་ཡོད། གསང་བ་དེ་བརྟོལ་དགོས་ཚེ་དེང་རབས་ཀྱི་ཚན་རིག་ལ་བརྟེན་ནས་གནའ་བོའི་བློ་གྲོས་གསལ་འགྲེལ་བྱེད་རྒྱུ་ནི་ཐོན་ལས་དེང་རབས་ཅན་གྱི་ཞིབ་འཇུག་བྱ་གཞི་དང་པོ་དེ་རེད།

    2025ལོར་བོད་རང་སྐྱོང་ལྗོངས་ཀྱིས“བོད་སྨན་ཐོན་ལས་འཁོར་འབྲེལ་གྱི་ཚན་རྩལ་གསར་གཏོད་འཆར་གཞི”ལག་བསྟར་བྱས་པའི་དམིགས་ཡུལ་ནི“དབུ་བཞུགས་ཚན་རིག་མཁས་ཅན་དང་ཐོན་ལས་འཁོར་འབྲེལ་ཁེ་ལས་ཟུང་འབྲེལ”གྱི་མཐུན་སྦྱོར་འགག་སྒྲོལ་བྱེད་སྟངས་འཛུགས་ཆེད་རེད།

    རང་སྐྱོང་ལྗོངས་བོད་སྨན་ཐོན་ལས་འཁོར་འབྲེལ་གྱི་ཚན་རྩལ་གསར་གཏོད་འཆར་གཞིའི་ཁྲིད་སྟོན་འོག ཆེས་བྲིན་བོད་སྨན་ཚབ་མཚོན་དུ་བྱས་པའི་སྣེ་འདྲེན་ཁེ་ལས་དག་ཐོན་ལས་ཀྱི་དཀའ་གནད་སེལ་བའི་སྟོབས་ཤུགས་གཙོ་བོར་གྱུར་ཡོད། ཆེས་བྲིན་བོད་སྨན་བོད་ལྗོངས་ཁུལ་ཁོངས་ཞིབ་འཇུག་གསར་སྤེལ་གྱི་འགན་འཁུར་བ་པད་མ་སྒྲོལ་མས། འཕེལ་རྒྱས་ལོ་30བཏང་བ་བརྒྱུད་ཁེ་ལས་ཀྱིས་རྒྱལ་ཁབ་རིམ་པའི་ཁེ་ལས་ལག་རྩལ་ལྟེ་གནས་སོགས་རྩེར་སོན་ལས་སྟེགས་བསྐྲུན་པ་མ་ཟད། རིམ་རྩིས་བརྒྱབ་ན་ཚན་རིག་ཞིབ་འཇུག་རྣམ་གྲངས་ཁག་58འགན་འཁུར་ཡོད་ལ། བོད་དུ་འདེབས་འཛུགས་ཞིབ་འཇུག་རྟེན་གཞི་ཡང་བཙུགས་ཏེ་ཁྱད་ལྡན་བོད་སྨན་སྨན་རྩྭའི་རིགས་བཅུ་ཕྲག་ཁ་ཤས་འདེབས་འཛུགས་ཀྱི་ལག་རྩལ་ལ་བརྒྱུད་རིམ་ལྡན་པའི་ཞིབ་འཇུག་བྱས་ནས་གཞི་ཁྱོན་ཅན་གྱི་འདེབས་འཛུགས་ལ་རྨང་གཞི་བཏིང་ཡོད་ཅེས་བརྗོད།

    ཚན་རྩལ་གྱི་གྲུབ་འབྲས་དེ་དོན་དངོས་སུ་བེད་སྤྱོད་ཐུབ་ཚེ་གཞི་ནས་དངོས་ཡོད་ཀྱི་ཐོན་སྐྱེད་ནུས་ཤུགས་སུ་འགྱུར་ཐུབ། བོད་ལྗོངས་བདུད་རྩི་བོད་སྨན་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་སིའི་ཕྱོགས་སྒྱུར་དཔེ་མཚོན་ནི་དེ་བས་མངོན་གསལ་དོད་པ་ཡོད། རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི་གཙོ་གནད་ཞིབ་འཇུག་གསར་སྤེལ་རྣམ་གྲངས་ཀྱི་གྲུབ་འབྲས་ལ་བརྟེན་ཏེ། བདུད་རྩི་ཚན་རྩལ་གྱིས་རང་སྐྱོང་ལྗོངས་སྨན་རྩིས་ཁང་དང་རང་སྐྱོང་ལྗོངས་བཟའ་བཅའ་དང་སྨན་རྫས་ཞིབ་དཔྱད་ཞིབ་འཇུག་ཁང་དང་མཉམ་ལས་བྱས་ནས“སྤྱོད་ཐེངས་གཅིག་མའི་གཙགས་བུ”དང“མགོ་བཅོས་རྫ་མའི་འཕྲུལ་འཁོར”ཐོན་རྫས་གཉིས་ཁྲོམ་རར་བདེ་བླག་ངང་བཏོན་ཡོད།

    རྨང་གཞི་བརྟན་པོ་བཙུགས་པ།

    གཞི་ཁྱོན་དང་ཕན་འབྲས་ཆེ་རུ་བཏང་བ།

    ཐོན་ལས་ཀྱི་གསོན་ཤུགས་དེ་གཞི་རྩ་རྒྱུན་མཐུད་ཐུབ་མིན་ལ་རག་ལས་ཡོད། རི་སྐྱེས་ཀྱི་སྨན་རྩྭའི་ཐོན་ཁུངས་ཁག་གཅིག་དཀོན་དུ་འགྲོ་བཞིན་པའི་འགྲན་སློང་ལ་ཁ་གཏད་གཅོག་ཆེད་རང་ལྗོངས་ཀྱིས“མི་ཐབས་འདེབས་གསོ་དང་སྐྱེ་ཁམས་སྲུང་སྐྱོང་མཐུན་སྦྱོར་བྱེད་པ་དང་། འདེབས་འཛུགས་རྟེན་གཞི་དང་ཐོན་ལས་ཁྱུ་ཚོགས་ཐུན་མོང་འཕེལ་རྒྱས་གཏོང་བའི”ཁྱད་ལྡན་ཐབས་ལམ་ཞིག་འཚོལ་ཞིབ་བྱས་ཡོད།

    ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་རྩ་རི་ཤང་ལྷོ་བ་གྲོང་གསར་དུ་ཤིང་སྡོང་མི་གཅོད་པ་དང་ས་ཞིང་མི་རྨོ་བའི་ཐོན་སྐྱེད་བྱེད་སྟངས་ཤིག་དར་ཡོད་པ་ནི་འདི་གའི་མང་ཚོགས་ཀྱིས་ནགས་ཚལ་སྟུག་པོའི་ཁྲོད་ཀྱི་རང་བྱུང་གི་ས་རྒྱུ་སྣག་མོ་སྤྱད་ནས་ཀོ་ཤ་འདེབས་ཀྱི་ཡོད་པ་དེ་རེད། “ནགས་ཁྲོད་རི་སྐྱེས་ལད་མོའི་འདེབས་འཛུགས”བྱེད་སྟངས་དེ་ལས་སྨན་རྩྭ་ངོ་མའི་སྐྱེ་འཚར་ཁོར་ཡུག་སླར་གསོ་གང་ཐུབ་བྱས་ནས་ཐོན་རྫས་ཀྱི་སྤུས་ཚད་ལ་འགན་ལེན་ཐུབ་པ་མ་ཟད། མཚོ་བོད་ས་མཐོའི་ཉམས་ཞན་གྱི་སྐྱེ་ཁམས་ཁོར་ཡུག་ལའང་སྲུང་སྐྱོབ་ཐུབ་ཡོད། དེས་བོད་སྨན་སྨན་རྩྭའི་ཐོན་སྐྱེད་བྱེད་སྟངས་དེ་ཕྱི་རོལ་ནས་འཐོག་པ་ནས་ལྗང་མདོག་འཁོར་རྒྱུག་བར་གྱི་རྩ་བའི་འགྱུར་ལྡོག་བྱུང་བ་མཚོན་ཡོད།

    ཐོན་ལས་ཀྱི་རྣམ་པ་དེ་བས་ལེགས་པ་མངོན་བཞིན་ཡོད་ཅིང་། 2025ལོའི་ཟླ་6པར་ཉིང་ཁྲི་གྲོང་ཁྱེར་གྱི་བོད་སྨན་སྨན་རྩྭའི་ལེགས་ཆའི་ཁྱད་ལྡན་ཐོན་ལས་ཁྱུ་ཚོགས་འཛུགས་རྒྱུའི་ཆོག་མཆན་བདེ་བླག་ངང་ཐོབ་ཡོད། ཁག་ཐེངས་དང་པོའི་ཀྲུང་དབྱང་ནོར་སྲིད་ཀྱི་མ་དངུལ་སྒོར་ཁྲི་6000གིས་སྤྱི་ཚོགས་དང་ས་གནས་ཀྱི་མ་རྩ་སྒོར་དུང་ཕྱུར་1.6ལྷག་ཙམ་ནུས་ལྡན་ངང་སྐུལ་སློང་ཐུབ་ནས་སྨན་གླིང་གི་བོད་སྨན་ཚན་རིག་ཁྱབ་གདལ་ཉམས་ལེན་ལྟེ་གནས་དང་། ར་མཉེའི་ལས་སྣོན། བོད་སྨན་གྱི་ལུམས་བཅོས་ཉམས་ལེན་ཁྱབ་གདལ་བཅས་ཚུད་པའི་མཉམ་འདྲེས་རྣམ་གྲངས་17ལ་ཐུན་མོང་ཐོག་མ་དངུལ་བཏང་ཡོད། མིག་སྔར་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་དེང་རབས་ཞིང་ལས་ཐོན་ལས་གླིང་གི་བོད་སྨན་སྨན་རྩྭའི་གཞི་ཁྱོན་ཅན་གྱི་འདེབས་འཛུགས་རྟེན་གཞིའི་སྤྱིའི་རྒྱ་ཁྱོན་ལ་མུའུ་ཁྲི་80.3ཟིན་པ་དང་ལོའི་ཐོན་ཚད་ཏུན་2600ཟིན་ནས་ཐོན་ཁུངས་འགན་ལེན་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།

    མ་ལག་བཙུགས་པ།

    ཁས་ལེན་དཔང་འདོན་དང་ཁྲོམ་ར་མཉམ་འདྲེས་བྱས་པ།

    ཉིན་ཤས་གོང་འཚོགས་པའི་2025ལོའི་རང་སྐྱོང་ལྗོངས་སྨན་རྫས་བདེ་འཇགས་དང་སྨན་རྫས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག རང་སྐྱོང་ལྗོངས་སྨན་རྫས་ལྟ་འདོམས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཚེ་རིང་ནོར་བུས་སྨྱན་སྦྱོར་ལ“ང་ཚོས‘བོད་སྨན་ཚད་གཞིའི་ལོ་གསུམ་བྱ་སྤྱོད་འཆར་གཞི’ཁག་གཉིས་པའི་ས་གནས་བོད་སྨན་གྱི་ཚད་གཞི་ཁག་44ཞིབ་འཇུག་ལེགས་གྲུབ་ཟིན་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།

    ཚད་གཞི་ནི་ཐོན་ལས་འབྲེལ་མཐུད་བྱེད་པའི་སྦྲེལ་ཟམ་ལྟ་བུ་ཡིན་ཞིང་། “ར་མཉེ”སོགས་ས་གནས་ཀྱི་ཚད་གཞི་གསར་པ་ཁག་18ཁྱབ་བསྒྲགས་བྱས་པ་ཕུད། དེ་བས་ཚད་བརྒལ་རང་བཞིན་ལྡན་པ་ནི《བོད་སྨན་གྱི་ཚད་གཞི་ཁག་95》ཡི་བཟོ་བཅོས་ལས་དོན་ལ་རྒྱལ་ཁབ་རིམ་པས“ནོར་འཁྲུལ་རྩད་ཞིབ”བྱེད་སྟངས་ཐོག་ནས་སྐུལ་འདེད་གཏོང་བའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཐོབ་སྟེ། བོད་སྨན་སྣ་ཁ་དེ་བས་མང་བ་ལས་ཕྱོད་དེ་བས་ཆེ་བའི་ངང་རྒྱལ་ཁབ་ཀྱི་སྨན་རྫས་ཚད་གཞིའི་མ་ལག་ནང་འཇུག་རྒྱུར་མྱུར་བགྲོད་ལམ་བུ་བཏོད་ཡོད།

    ཁྲོམ་རའི་ཁས་ལེན་ཐོབ་པ་དང་ལྷག་པར་དུ་སྨན་བཅོས་འགན་བཅོལ་མ་ལག་གི་ཁོངས་སུ་བཅུག་པ་ནི་ཐོན་ལས་རིན་ཐང་མངོན་འགྱུར་བྱེད་པའི་འགག་རྩ་ཞིག་ཡིན། 2025ལོའི་ཟླ་7པར། བོད་ཀྱི་སྨན་བཅོས་འགན་བཅོལ་སྲིད་ཇུས་རིམ་སྤོར་བྱུང་བ་སྟེ། བོད་སྨན་སྣ་ཁ་1497དང་། བོད་སྨན་གྱི་ཞབས་ཞུའི་རྣམ་གྲངས་600 དེ་བཞིན་སྤྱོད་ཐེངས་གཅིག་མའི་གཙགས་བུ་སོགས་ཁྱད་ལྡན་སྨན་སྤྱོད་རྒྱུ་ཆ་ཕྱོགས་ཡོངས་ནས་སྨན་བཅོས་འགན་བཅོལ་གཏོང་སྤྲོད་ཀྱི་ཁྱབ་ཁོངས་ནང་བཅུག་ཡོད་པ་རེད།

    གླེང་རིན་ཡོད་པ་ཞིག་ནི། རྒྱལ་ཁབ་ཀྱི་2024ལོའི་པར་གཞིའི་སྨན་བཅོས་འགན་བཅོལ་སྨན་རྫས་དཀར་ཆག་ནང་བསྡུས་པའི་མི་རིགས་ཀྱི་སྨན་རྫས་98ཁྲོད་དུ་བོད་སྨན་46ཡོད་པ་དང་བསྡུར་ཚད་47%ཟིན་པ་དེ་ཐོག་ནས་དེའི་གནས་བབ་གལ་ཆེན་གང་ལེགས་མཚོན་ཡོད། བོད་སྨན་ཕྱོགས་ཡོངས་ནས་ཡོངས་བསྒྲགས་ངང་དྲ་ཐོག་ནས་ཉོ་སྒྲུབ་ལག་བསྟར་བྱས་པ་དང་བསྟུན་ནས་བོད་སྨན་འཐུང་རིལ་ཕྱིར་ཚོང་རིན་གོང་གི་སྲིད་ཇུས་ཀྱང་ལེགས་སུ་ཕྱིན་ཡོད། བྱེད་ཐབས་དེ་དག་ལས་ཐུན་མོང་ཐོག་བོད་སྨན་རྒྱ་ཁྱབ་དང་དྲང་གཞག་ངང་སྤྱོད་རྒྱུར་སྐུལ་འདེད་གཏོང་བའི་སྲིད་ཇུས་ཀྱི་གདུབ་ཟུམ་གྲུབ་ཡོད།

    མིག་སྔར། བོད་ལུགས་གསོ་རིག་གི་ཚན་ཞིབ་ལས་སྟེགས་དྲ་རྒྱ་འཐུས་སྒོ་ཚང་དུ་ཕྱིན་པ་དང“བོད་སྨན+”མཉམ་འདྲེས་བྱེད་སྟངས་འཚོལ་ཞིབ་གཏིང་ཟབ་བྱས་པ་དང་བསྟུན་ནས། འཛམ་གླིང་ཡང་རྩེའི་གསོ་རིག་གི་མུ་ཏིག་འདིས་སྙིང་བཅུད་རྒྱུན་འཛིན་དང་གཞུང་འཁྱོངས་གསར་འབྱེད་ཀྱི་ཆོས་ཉིད་ལ་བརྩི་སྲུང་ཞུས་ཏེ། དུས་རབས་གསར་པར་དེ་བས་འོད་སྟོང་འཕྲོ་བ་དང་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།