དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་བོད་དུ་འགན་སྒྲུབ་ཕྱག་ལས་དང་། བརྟག་ཞིབ། ཆོས་ཕྱོགས་ཀྱི་མཛད་སྒོ་བཅས་ཕུན་སུམ་ཚོགས་པོའི་ངང་སྤེལ་གྲུབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-25

    རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན་པའི་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་བོད་དུ་འགན་སྒྲུབ་ཕྱག་ལས་དང་། བརྟག་ཞིབ། ཆོས་ཕྱོགས་ཀྱི་མཛད་སྒོ་བཅས་ཕུན་སུམ་ཚོགས་པོའི་ངང་སྤེལ་གྲུབ་ཡོད། པཎ་ཆེན་རིན་པོ་ཆེས་ལྷ་ས་དང་། ཆབ་མདོ། ནག་ཆུ་བཅས་ས་ཁུལ་གསུམ་དུ་མཛད་སྒོ་ཁག་ཕུན་སུམ་ཚོགས་པོའི་ངང་སྤེལ་ཟིན་རྗེས་རླངས་འཁོར་ལ་བཞུགས་ནས་གཞིས་རྩེར་ཕེབས་པ་རེད། གཞིས་རྩེར་བཞུགས་རིང་། པཎ་ཆེན་རིན་པོ་ཆེས་སྔ་རྗེས་སུ་གམ་པ་རྫོང་དང་། དིང་རི་རྫོང་། པ་སྣམ་རྫོང་། བཞད་མཐོང་སྨོན་རྫོང་། རྣམ་གླིང་རྫོང་།བསམ་གྲུབ་རྩེ་ཆུས་སོགས་སུ་བརྟག་ཞིབ་གནང་བ་དང་ཆོས་ཕྱོགས་ཀྱི་མཛད་སྒོ་བསྐྱངས་པ་རེད།

    གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་རྗེས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་འཕྲལ་དུ་ཕྱོགས་ཁག་གི་རོགས་སྐྱོབ་སྟོབས་ཤུགས་ལ་སྤྱི་འདོམས་བྱས་ཏེ་ནུས་ཤུགས་ཡོད་རྒུས་རོགས་སྐྱོབ་འཚོལ་སྐྱོབ་དང་། རྨས་མ་སྐྱོབ་བཅོས། གནོད་འཚེ་ཕོག་པའི་མང་ཚོགས་གནས་སྤོ་བཀོད་སྒྲིག་ཡག་པོ་བྱས་ཏེ། སྤུས་ཚད་མཐོ་བ་དང་། ཚད་གཞི་མཐོ་བ། ལས་ཕྱོད་ཆེ་བ་བཅས་ཀྱི་སྒོ་ནས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལ་སྐུལ་འདེད་བཏང་ཡོད། པཎ་ཆེན་རིན་པོ་ཆེས་དིང་རི་རྫོང་གྲམ་མཚོ་ཤང་ཟིང་དཀར་གྲོང་ཚོ་དང་ཆུ་ལྷོ་ཤང་མཚོ་སྔ་གྲོང་ཚོར་ཕེབས་ནས་གེགས་རྗེས་བསྐྱར་སྐྲུན་དང་། གྲོང་གསེབ་དར་རྒྱས། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་བཅས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་། ཟིང་དཀར་གྲོང་ཚོའི་མང་ཚོགས་བཀྲ་ཤིས་ནོར་བུའི་ཁྱིམ་དུ་ཕེབས་ནས་ཁོང་གི་ནང་མི་དང་ཅི་འཕྲོས་མོལ་འཕྲོས་གནང་བ་དང་འཕེལ་རྒྱས་ཀྱི་སྐོར་གླེང་སྟེ་ཚང་མར་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ། ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྱར་སྐྲུན་དང་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་དགོས་པའི་ལྕག་སྐུལ་གནང་བ་རེད།

    ཉེ་བའི་ལོ་ཤས་རིང་། བསམ་གྲུབ་རྩེ་ཆུས་ཀྱིས“ཁྲི་སྟོང་འདུ་འགོད”ཀྱི་ཉམས་མྱོང་ལ་སློབ་སྦྱོང་དང་བེད་སྤྱོད་གཏིང་ཟབ་བྱས་ཏེ། དམངས་འཚོའི་དོན་དངོས་ཏན་ཏིག་བསྒྲུབས་པས། ས་མཐོའི་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་གྱི་ཕན་འབྲས་མངོན་གསལ་དོད་པོ་བྱུང་ཡོད།

    པཎ་ཆེན་རིན་པོ་ཆེས་བསམ་གྲུབ་རྩེ་ཆུས་ཕྱུག་པོ་གཞུང་ཤང་རྐང་བཞི་གྲོང་ཚོར་ཕེབས་ནས་གྲོང་ཚོ་དེས་ས་མཐོའི་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་བྱས་ཚུལ་གྱི་ངོ་སྤྲོད་གསན་པ་དང་། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་དང་ཕྱུག་འགྱུར་སྣེ་ཁྲིད་པའི་འཐུས་མི་སོགས་དང་བཞུགས་མོལ་གནང་སྟེ། ཚང་མར་གྲོང་གསེབ་དར་རྒྱས་ནང་ཧུར་ཐག་ཞུགས་ནས་ཞིང་ལས་གྲོང་གསེབ་དེང་རབས་ཅན་དུ་གང་མགྱོགས་འགྱུར་བར་ལེགས་སྐྱེལ་འབུལ་དགོས་པའི་ལྕག་སྐུལ་གནང་བ་རེད།

    ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་བོད་བརྒྱུད་ནང་བསྟན་གྱི་བསྟན་དོན་དང་འདུལ་ཁྲིམས་དགོངས་འགྲེལ་གྱི་སྤེལ་རེས་ཚོགས་འདུ་སྐབས་བཅུ་པ་གཙོ་སྐྱོང་གནང་སྐབས། པཎ་ཆེན་རིན་པོ་ཆེས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་སྲུང་དང་རྒྱལ་གཅེས་ཆོས་གཅེས་ཀྱི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་རྒྱུན་འཛིན་བྱས་ནས་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་ཐུབ་པར་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྲིད་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས། བོད་བརྒྱུད་ནང་བསྟན་གྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱུན་མཐུད་རྒྱག་པ་དང་། ཆོས་ལུགས་ནན་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། “འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་སྤེལ་བ་བཅས་བྱས་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཐུན་མོང་གི་ངོས་འཛིན་གཅིག་སྡུད་དང་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་སྐབས་བཅུ་གཉིས་པའི་ཚོགས་གཙོའི་ཚོགས་འདུ་ཐེངས་4པའི་ཐོག་པཎ་ཆེན་རིན་པོ་ཆེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། གཙོ་གནད་ལས་འགན་དོན་འཁྱོལ་ནན་པོ་བྱེད་པ། 2026ལོའི་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    གཞིས་རྩེར་བཞུགས་རིང་། པཎ་ཆེན་རིན་པོ་ཆེས་དུས་འཁོར་དབང་ཆེན་གནང་བ་དང་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་ཁྲི་གསོལ་ཞུས་ནས་ལོ་ངོ་30འཁོར་བའི་དྲན་གསོའི་ཚོགས་ཆེན་ལ་ཞུགས་པ་རེད། གཞན་ཡང་། པཎ་ཆེན་རིན་པོ་ཆེས་ད་དུང་བཀྲས་ལྷུན་དགོན་གྱི་ན་གཞོན་དགེ་འདུན་པ་ཁག་གཅིག་ལ་དགེ་ཚུལ་གྱི་སྡོམ་པ་གནང་བ་དང་། བཀྲས་ལྷུན་དགོན་གྱི་དགེ་འདུན་པ་ཡོངས་ཀྱི་གསོལ་འདེབས་སྨོན་ལམ་ལ་ཞུགས་པ། བཀྲས་ལྷུན་དགོན་གྱི་དགེ་འདུན་པའི་སྐུ་འཆམ་དང་ལྷ་མོའི་འཁྲབ་སྟོན་ལ་གཟིགས་པ་མ་ཟད། དད་ལྡན་མང་ཚོགས་ལ་ཕྱག་དབང་ཡང་གནང་བ་རེད།

    དེའི་རིང་པཎ་ཆེན་རིན་པོ་ཆེས་གམ་པ་རྫོང་གི་མཆོད་རྟེན་ཉི་མ་དགོན་དང་། པ་སྣམ་རྫོང་གི་འོག་མིན་ཆོས་སྡེ་དགོན་དང་བྲག་སྐྱེད་པད་དཀར་རི་ཁྲོད། བཞད་མཐོང་སྨོན་རྫོང་གི་རྟ་ནག་ཐུབ་བསྟན་དགོན། རྣམ་གླིང་རྫོང་གི་མི་ཤངས་རི་ཁྲོད་བཅས་སུ་ཆོས་ཕྱོགས་ཀྱི་མཛད་སྒོ་བསྐྱངས་པ་རེད། དགོན་སྡེ་ཁག་ཚང་མས་ཆོས་ལུགས་ཀྱི་གུས་སྲོལ་མཐོ་ཤོས་ཀྱི་ཐོག་ནས་པཎ་ཆེན་རིན་པོ་ཆེ་གདན་འདྲེན་ཞུས་པ་རེད། པཎ་ཆེན་རིན་པོ་ཆེས་དགེ་འདུན་པ་ཡོངས་ཀྱི་སྣེ་ཁྲིད་ནས་ཞལ་འདོན་དང་གནས་གཟིགས་གནང་སྟེ། ཆར་ཆུ་དུས་སུ་བབས་པ་དང་ལོ་ཕྱུགས་རྟག་ཏུ་ལེགས་པ་དང་རྒྱལ་ཁབ་དར་ཞིང་དམངས་རྣམས་བདེ་ལ་འཁོད་པའི་གསོལ་བ་སྨོན་ལམ་བཏབ་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།