ཞི་ཅིན་ཕིང་གིས་ཀྲུང་དབྱང་ཁེ་ལས་ཀྱི་ལས་དོན་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་བ།
ལས་འགན་དང་འགན་འཁྲིར་ངོས་འཛིན་གང་ལེགས་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ལ་ཞབས་འདེགས་དེ་བས་ཡག་པོ་ཞུས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐྲུན་ཆེད་སྟོབས་ཤུགས་དེ་བས་ཆེ་བ་སྐྱེས་སུ་འབུལ་དགོས།
ལི་ཆང་ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁུར་བའི་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཁེ་ལས་ཀྱི་ལས་དོན་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་ནས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲུང་དབྱང་ཁེ་ལས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ནས། རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཧུར་ཐག་ཞུས་ཏེ། རྒྱལ་དམངས་དཔལ་འབྱོར་ཁྲོད་རྐང་འཛིན་དང་ཀ་རྟེན་གྱི་ནུས་པ་བཏོན་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རྒྱང་ལམ་གསར་པར་ཀྲུང་དབྱང་ཁེ་ལས་ཀྱིས་ཕྲག་ཐོག་ཏུ་ཁུར་བའི་ལས་འགན་དང་འགན་འཁྲིར་ངོས་འཛིན་གང་ལེགས་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ལ་ཞབས་འདེགས་དེ་བས་ཡག་པོ་ཞུ་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བར་ཞབས་འདེགས་ཞུ་བ། སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་ཕོད་པ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐྲུན་ཆེད་སྟོབས་ཤུགས་དེ་བས་ཆེ་བ་སྐྱེས་སུ་འབུལ་དགོས། གཙོ་འགན་གཙོ་ལས་ལ་དམིགས་ནས་གཞུང་ཁོངས་དཔལ་འབྱོར་གྱི་བཀོད་པ་རྒྱུན་མཐུད་ལེགས་སུ་བཏང་སྟེ། ལྟེ་བའི་ནུས་པ་དང་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་ཏན་ཏིག་གཏོང་དགོས། དངོས་ཚན་དཔལ་འབྱོར་ལ་གཞི་ཚུགས་ནས་འགག་རྩ་དང་ལྟེ་བའི་ལག་རྩལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་བཏང་སྟེ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས། སྒྱུར་བཅོས་སྔར་བས་ཟབ་ཏུ་བཏང་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཁེ་ལས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཀུང་སི་བཅོས་སྐྱོང་གི་གྲུབ་ཆ་འཐུས་སྒོ་ཚང་དུ་གཏོང་བ། ཁེ་ལས་ཀྱི་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་གནད་དོན་གཙོ་བོ་ཐག་གཅོད་ཧུར་ཐག་བཅས་བྱས་ཏེ། འཛམ་གླིང་གི་ཁེ་ལས་རྩེ་གྲ་ཧུར་ཐག་སྐྲུན་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་ཀྱིས་ཉེན་ཁ་འགོག་ཟོན་དང་གང་ལེགས་བསལ་ཏེ། ཁེ་ལས་ཀྱི་བདེ་འཇགས་འཕེལ་རྒྱས་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱེད་པ་མཐའ་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་ནས། ཁེ་ལས་ཀྱི་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཏང་ལ་དོ་དམ་དང་ཏང་སྐྱོང་བའི་འགན་འཁྲི་ནན་དུ་གཏོང་བ། ཀུང་སི་བཅོས་སྐྱོང་གི་ལྷུ་ཚིགས་ཁག་ཏུ་ཏང་གི་འགོ་ཁྲིད་མཉམ་འདྲེས་ཐུབ་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཏང་འཛུགས་སྐྱོང་ལས་དོན་དང་ཐོན་སྐྱེད་གཉེར་སྐྱོང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས། ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས། རུལ་སུངས་ལ་ཉེས་ཆད་མཐའ་གཅིག་ཏུ་གཅོད་པ་དང་། རྒྱུན་སྲིང་ལྷོད་མེད་ངང“སྤྱོད་ཚུལ་བཞི”ཡོ་བསྲང་དང་བཅོས་སྒྲིག་བྱས་ཏེ། སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་ཁོར་ཡུག་ཧུར་ཐག་གཏོད་དགོས།
ཟླ་12ཚེས་22དང་ཚེས་23ཉིན། ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁུར་བའི་ཚོགས་འདུ་པེ་ཅིང་དུ་འཚོགས་པ་དང་། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།
ལི་ཆང་གིས་གསུང་བཤད་གནང་སྐབས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ནང་ཀྲུང་དབྱང་ཁེ་ལས་ལ་བླང་བྱ་ཁ་གསལ་བཏོན་པ་དང་ཐུགས་རེ་ནན་པོ་བཅོལ་ཡོད་པས། འཐབ་ཇུས་རང་བཞིན་དང་མཛུབ་སྟོན་རང་བཞིན་ཧ་ཅང་ཆེན་པོ་ལྡན་པ་མ་ཟད། ཀྲུང་དབྱང་ཁེ་ལས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་གོམ་གང་མདུན་སྤོས་ཀྱིས་ཁ་ཕྱོགས་གསལ་སྟོན་གནང་ཡོད། ང་ཚོས་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས།
ལི་ཆང་གིས་གསུངས་དོན། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་རྨང་གཞི་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ཤུགས་རྒྱག་པའི་འགག་རྩའི་དུས་སྐབས་ཤིག་ཡིན་པས། ཀྲུང་དབྱང་ཁེ་ལས་ཀྱིས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གིས་དུས་བབ་ལ་ཚན་རིག་དང་མཐུན་པའི་བརྡར་ཤ་གཅོད་པ་དང་ཐབས་ཇུས་བཀོད་སྒྲིག་བྱེད་པའི་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ། ཁ་ཕྱོགས་སྔར་བས་ཁ་གསལ་དང་ངེས་གནས་གཏན་འཁེལ་བྱས་ནས་ལས་འགན་དང་འགན་འཁྲི་ཏན་ཏིག་འཁུར་དགོས། རྨང་གཞིའི་སྒྲིག་བཀོད་གལ་ཆེན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རིང་འགན་སྲུང་ཤུགས་ཆེན་བྱེད་པ་དང་། སྲོལ་རྒྱུན་གྱི་རྨང་གཞིའི་སྒྲིག་བཀོད་གསར་སྒྱུར་དང་གྲངས་འཛིན་ཅན་གྱི་སྒྱུར་བཀོད་མགྱོགས་མྱུར་བྱས་ཏེ། འོས་འཚམ་སྔོན་བརྒལ་གྱིས་རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུན་བྱེད་དགོས། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་རང་བརྟེན་ཚོད་འཛིན་ཐུབ་པ་བྱེད་རིང་རྐང་འཛིན་གཙོ་ཤུགས་ཡག་པོ་བྱས་ནས་གཙོ་འགན་གཙོ་ལས་དང་ཟུང་འབྲེལ་གྱིས་གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་འཕེལ་རྒྱས་བཏང་སྟེ། ནུས་རྒྱུའི་ཐོན་ཁུངས་མཁོ་སྤྲོད་འགན་སྲུང་བྱེད་པ་དང་ཐོན་ལས་འཁོར་འབྲེལ་གྱི་མཉེན་གཤིས་ཆེ་རུ་གཏོང་དགོས། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་ལ་སྐུལ་འདེད་གཏོང་རིང་རྨང་གཞིའི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། བཀོལ་སྤྱོད་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་སྟེ། འགག་རྩའི་ཐུན་མོང་རང་བཞིན་གྱི་ལག་རྩལ་མཁོ་སྤྲོད་ཀྱི་སྤུས་ཚད་མཐོ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལ་ཞབས་འདེགས་ཞུ་རིང་རང་འགུལ་ངང་ལས་དོན་ཧུར་ཐག་བསྒྲུབས་ཏེ། འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས། གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་སྔར་བས་ཟབ་ཏུ་བཏང་ནས་གཞུང་ཁོངས་དཔལ་འབྱོར་གྱི་བཀོད་པ་ལེགས་སུ་གཏོང་བ་དང་། དེང་རབས་ཁེ་ལས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། གཞུང་ཁོངས་རྒྱུ་ནོར་ལྟ་འདོམས་ཀྱི་ནུས་ཕྱོད་ཆེ་རུ་གཏོང་བ་སོགས་ཀྱི་ཐད་མདུན་གྲལ་དུ་སླེབས་པར་བྱེད་དགོས། ཏང་གི་འགོ་ཁྲིད་སྒྱུར་བཅོས་འཕེལ་རྒྱས་ཀྱི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་བཏང་ནས་སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་ཀྱི་ཁོར་ཡུག་གཏོད་དགོས།
ལི་ཆང་གིས་ནན་བཤད་གནང་དོན། ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁུར་བས་དེ་བས་འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་ཐོག་ནས་རང་འགན་གཙང་སྒྲུབ་བྱས་ཏེ། སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། འགལ་ཟླ་གཙོ་བོར་དམ་འཛིན་བྱེད་མཁས་པ། སྒྱུར་བཅོས་གསར་གཏོད་བྱེད་ཕོད་པ། རྙོག་འཛིང་ཆེ་བའི་རྣམ་པ་ཚོད་འཛིན་དང་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས། ཁེ་ལས་ཀྱི་སྣེ་ཁྲིད་དེ་སྒྱུར་བཅོས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།
འབྲེལ་ཡོད་གསར་འགྱུར།