མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཀྲོའུ་རུ་དམངས་གཉེར་དཔལ་འབྱོར་རྩ་འཛུགས་ཀྱི་ཚོང་དུད་ཁྲི་6ཟིན་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱས་པར། 2025ལོར་མཚོ་ནུབ་ཀྲོའུ་ཡི་དམངས་གཉེར་དཔལ་འབྱོར་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ནས་གཉེར་སྐྱོང་བྱེད་པོའི་གཞི་ཁྱོན་བརྟན་པོའི་ངང་ཆེ་རུ་སོང་བ་དང་ཁྲལ་འབབ་ལ་ལེགས་སྐྱེས་འབུལ་ཚད་རྒྱུན་མཐུད་ཆེ་རུ་སོང་ཡོད། མིག་སྔའི་བར། ཀྲོའུ་དེ་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་རྩ་འཛུཊ་ཁག་60753ཟིན་པའི་ནང་དམངས་གཉེར་ཁེ་ལས་ཚོང་དུད་14091དང་། ཁེར་རྐྱང་བཟོ་ཚོང་དུད་ཚང་ཁག་45630 ཞིང་པའི་ཆེད་ལས་མཉམ་ལས་ཁང་1032བཅས་ཟིན་ནས་ལོ་སྟོད་ལས་5.6%འཕར་ཡོད། ད་ལོའི་ཟླ་བ་དང་པོ་ནས་བཅུ་གཅིག་པའི་བར་ཀྲོའུ་དེ་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་གྱིས་ཁྲལ་འབབ་སྒོར་དུང་ཕྱུར་65ལེགས་སྐྱེས་ཕུལ་བ་དེས་ཀྲོའུ་དེ་ཡོངས་ཀྱི་ཁྲལ་འབབ་ཡོང་འབབ་བསྡོམས་འབོར་གྱི་42.12%བཟུང་ཡོད་པ་རེད།
མཚོ་ནུབ་ཀྲོའུ་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཞབས་ཞུས་མཐུན་རྐྱེན་སྦྱོར་བའི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་བྱེད་ཐབས་སྣ་མང་སྤྱད་ནས་དམངས་གཉེར་ཁེ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་ཤིང་། ཚོང་འགུགས་མ་འདྲེན་ཐད་མཚོ་སྔོན་ཞིང་ཆེན་གྱི“གཟི་བརྗིད་བྱ་གཞག་གི་མཚོ་ནུབ་བྱ་སྤྱོད”ཅེས་པའི་བྱེད་སྒོ་གཉེར་འགན་འཁུར་ནས། འདོད་ཕྱོགས་ཚོང་འགུགས་རྣམ་གྲངས་ཁག་10དང་ཁྱོན་མ་དངུལ་སྒོར་དུང་ཕྱུར་26.79གཏོང་བར་སྐུལ་འདེད་བཏང་བ་དང་། བྲིན་འཚོང་རྣམ་གྲངས་ཁག་9དང་། སྤྱི་ཕན་དང་ཞལ་འདེབས་རྣམ་གྲངས་ཁག་17ལ་འཛད་སྤྱོད་རོགས་སྐྱོར་བྱས་ཡོད། དེ་དང་ཆབས་ཅིག“མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ”སྐབས་26པར་ཧུར་ཐག་ཞུཊ་ཏེ། ཀྲོའུ་ཚོང་འགུགས་ཅུས་དང་མཉམ་དུ་མཚོ་སྔོན་དང་། ཀོང་ཏུང་། ཧྥུའུ་ཅན། ཧུའུ་ནན་སོགས་སུ་འོས་སྦྱོར་རབ་དང་རིམ་པ་བྱས་ཏེ་ཁྱད་ལྡན་ཐོན་ལས་དང་ཚོང་གཉེར་ཁོར་ཡུག་གི་ལེགས་ཆ་སྦྲེལ་མཐུད་གནད་སྨིན་བྱས་ཡོད་པ་རེད།
དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུས་ནས་ཁེ་ལས་ཀྱི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད། མཚོ་ནུབ་ཀྲོའུ་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་མི་སྤྱི་སྡེ་ཚན་དང་མཉམ་དུ་ཆེད་དོན་གདན་ཞུའི་བྱེད་སྒོ་སྤེལ་ནས་ཁེ་ལས་ཀྱི་མི་སྤྱོད་དཀའ་གནད་སེལ་བ་དང་། དངུལ་རྩའི་ལྟ་འདོམས་སྒྲིག་གཞི་དང་མཉམ་དུ“དངུལ་ཁང་དང་ཁྲལ་དོན་མཉམ་སྒུལ”གྱི་བྱེད་སྒོ་སྤེལ་ནས་དམངས་གཉེར་ཁེ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མ་རྩ་མཉམ་འདྲེས་ཀྱི་སྦྲེལ་མཐུད་ཚོགས་འདུ་འཚོག་རྒྱུར་རྒྱབ་སྐྱོར་བྱས་ཏེ་མ་རྩ་མཉམ་འདྲེས་ཀྱི་ཐབས་ལམ་རྒྱ་ཆེར་གཏོང་བ། ཁྲིམས་འཛིན་སྡེ་ཚན་དང་མཉམ་དུ་ཁྲིམས་སྐྱོང་འཆད་ཁྲིད་བྱས་ནས་ཁེ་ལས་ཀྱི་ཉེན་ཁ་འགོག་ནུས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཤེས་ལྡན་པ་དང་། དངུལ་རྩ། བཅའ་ཁྲིམས་སོགས་ལ་ཁྱབ་པའི་ཞབས་ཞུའི་མ་ལག་བཏོད་པ་རེད།
འབྲེལ་ཡོད་གསར་འགྱུར།