དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ལོ་རྒྱུས་ཀྱི་དཔང་རྟགས་སྲུང་སྐྱོང་བྱེད་མཁན་ཡག་པོ་ཞིག་བྱེད་ཀྱི་ཡིན།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཨན་ཏེ་ལེ·མཱ་ཐེ་ཝེ་ཡེ་ཧྥུའུ།   |     སྤེལ་དུས།  2025-12-24

    ཟླ་5ཚེས་3ཉིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྐམ་མཚོ་མཁའ་གསུམ་གྱི་དམག་དཔུང་གཟབ་སྦྲེང་རུ་ཁག་གིས་མོ་སི་ཁོ་རུ་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་དམག་གཟིགས་མཛད་སྒོའི་ནང་སྦྱོང་ལ་ཞུགས་བཞིན་པ།

    ད་ལོ་ནི་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་དང་དེ་བཞིན་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བའི་ལོ་ཞིག་རེད། ལོ་ངོ་80ལྷག་ཙམ་གྱི་གོང་རོལ་དུ། ཀྲུང་གོར་རོགས་སྐྱོར་བྱེད་མཁན་སུའུ་ལེན་མཁའ་དམག་རུ་ཁག་གི་འཕུར་སྐྱོད་བཀོད་འདོམས་པ་ཡིན་པའི་ངའི་སྤོ་བོ་ཉི་ཀུའུ་ལཱ·མཱ་ཐེ་ཝེ་ཡེ་ཧྥུའུ་ཀྲུང་གོར་བསྐྱོད་དེ། ཝུའུ་ཧན་དང་ལན་ཀྲོའུ་སོགས་སུ་དམག་འཐབ་གནམ་གྲུ་བཏང་ནས་རི་པིན་དང་དམག་འཐབ་བྱས་མཐར་ཀྲུང་གོར་སྐུ་གཤེགས་པ་རེད། དཔའ་བོའི་རྗེས་རབས་པ་ཞིག་ཡིན་པའི་ངོས་ནས་ངས་མེས་པོའི་བྱས་རྗེས་དང་དེ་བཞིན་ཨུ་རུ་སུ་དང་ཀྲུང་གོ་མི་དམངས་ཀྱིས་དཔུང་པ་མཉམ་གཤིབ་ངང་བཙན་འཛུལ་ལ་འགོག་རྒོལ་བྱེད་པའི་གཟི་བརྗིད་ལྡན་པའི་ལོ་རྒྱུས་རིམ་བཞིན་ཤེས་རྟོགས་བྱུང་སྟེ་ཨུ་རུ་སུ་དང་ཀྲུང་གོའི་མཛའ་གྲོགས་བྱ་གཞག་ནང་ཞུགས་པ་ཡིན།

    “ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་གི་དཀའ་ཚེགས་ཆེ་བའི་ལོ་ཟླར། ཀྲུང་གོར་རོགས་སྐྱོར་བྱེད་མཁན་སུའུ་ལེན་མཁའ་དམག་རུ་ཁག་གིས་ནན་ཅིང་དང་། ཝུའུ་ཧན། ཁྲུང་ཆིང་སོགས་སུ་དམག་འཐབ་གནམ་གྲུ་བཏང་ནས་རི་པིན་ཇག་དམག་ལ་འགོག་རྒོལ་བྱེད་རིང་འཕུར་སྐྱོད་པ་མང་པོ་ཞིག་གིས་རྩ་ཆེའི་ཚེ་སྲོག་སྐྱེས་སུ་ཕུལ་ཡོད། ད་ལོའི་ཟླ་5པར། མོ་སི་ཁོར་ཨུ་རུ་སུར་རྒྱལ་དོན་འཚམས་འདྲི་གནང་བ་དང་འབྲེལ་སུའུ་ལེན་གྱི་རླབས་ཆེན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་རྟེན་འབྲེལ་མཛད་སྒོར་ཞུགས་པའི་སྐབས་སུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས《ཨུ་རུ་སུའི་ཚགས་པར》ཐོག་སྤེལ་བའི་མཚན་བཀོད་རྩོམ་ཡིག་ནང་ཀྲུང་གོར་རོགས་སྐྱོར་བྱེད་མཁན་སུའུ་ལེན་མཁའ་དམག་རུ་ཁག་གི་བྱས་རྗེས་ཆེད་མངགས་གླེང་གནང་བ་དེ་ལས། ཨུ་རུ་སུ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཚོས་དཔུང་པ་མཉམ་གཤིབ་ཀྱིས་འཐབ་འཛིང་དང་ཕན་ཚུན་རོགས་སྐྱོར་བྱེད་པའི་ལོ་རྒྱུས་ཀྱི་མཛའ་གྲོགས་ལ་གཅེས་སྤྲས་བྱེད་པ་མཐོང་ཐུབ།

    ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོར་རོགས་སྐྱོར་བྱས་ནས་རི་འགོག་དམག་འཁྲུག་ནང་ཞུགས་མཁན་རྒྱལ་སྤྱིའི་གྲོགས་པོ་བློ་ལ་བརྟན་པོར་ངེས་པ་དེས་ང་ལ་སེམས་འགུལ་དཔག་མེད་ཐེབས་བྱུང་། ཉེ་བའི་ལོ་ཤས་རིང་། གདན་ཞུ་ཐེངས་མང་དང་ལེན་བྱས་པ་བརྒྱུད་ངས་ཀྲུང་གོར་རོགས་སྐྱོར་བྱེད་མཁན་སུའུ་ལེན་མཁའ་དམག་རུ་ཁག་གི་ལོ་རྒྱུས་ཤེས་རྟོགས་བྱས་པ་མ་ཟད། ཀྲུང་གོའི་མཁས་དབང་དང་སྤེལ་རེས་བྱས་པ་དང་ས་གནས་ཁག་ཏུ་ཡོད་པའི་སུའུ་ལེན་དམག་གི་སྔོན་གཤེགས་དཔའ་བོའི་བང་སོ་དང་དྲན་གསོའི་རྡོ་རིང་སོགས་ལའང་གུས་མཇལ་ཞུ་སྐབས་ཀྲུང་གོ་སྲིད་གཞུང་གིས་སུའུ་ལེན་གྱི་འཕུར་སྐྱོད་པར་དྲན་གསོ་ཞུ་བ་དང་དྲིལ་བསྒྲགས་བྱེད་པའི་ཐད་ལས་དོན་འབོར་ཆེན་བསྒྲུབས་པ་ཚོར་བྱུང་།

    ད་ལོ་ནི་ངའི་ངོས་ནས་བརྗོད་ན་བརྗེད་པར་དཀའ་བའི་ལོ་ཞིག་ཡིན། ཨུ་ཀྲུང་མཛའ་གྲོགས་མཐུན་ཚོགས་ཀྱི་ཁོངས་མི་ཞིག་ཡིན་པའི་ངོས་ནས་ང་ཨུ་རུ་སུར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་དང་ཨུ་ཀྲུང་མཛའ་གྲོགས་མཐུན་ཚོགས་སོགས་སྒྲིག་གཞིས་གཉེར་བའི་དྲན་གསོའི་བྱེད་སྒོ་རབ་དང་རིམ་པར་ཞུགས་པ་ཡིན་ལ། ད་དུང་ལན་ཀྲོའུ་གཡུལ་འགྱེད་དྲན་གསོ་ཁང་ལའང་ཀྲུང་གོར་རོགས་སྐྱོར་བྱེད་མཁན་སུའུ་ལེན་མཁའ་དམག་རུ་ཁག་གི་ལོ་རྒྱུས་དཔྱད་ཡིག་ཁག་གཅིག་ཞལ་འདེབས་ཕུལ་བ་ཡིན། ང་དང་གྲོགས་པོ་ཚོས་མོ་སི་ཁོ་རུ་ཨུ་རུ་སུ་དང་ཀྲུང་གོའི་མཛའ་གྲོགས་མཚོན་པའི་ཀྲུང་གོར་རོགས་སྐྱོར་བྱེད་མཁན་སུའུ་ལེན་མཁའ་དམག་རུ་ཁག་གི་འཕུར་སྐྱོད་པའི་འཇིམ་བརྙན་བཞེངས་རྒྱུའི་འབད་བརྩོན་བྱེད་བཞིན་ཡོད། རྒྱལ་ཁབ་གཉིས་ཀྱི་གཞོན་ནུ་མང་པོ་ཞིག་གིས་བྱ་གཞག་དེ་རྒྱུན་འཛིན་བྱས་ཏེ་དཔའ་བོ་ཚོའི་བྱས་རྗེས་མི་རབས་ནས་མི་རབས་བར་བརྒྱུད་སྤྲོད་བྱེད་པ་མཐོང་སྐབས་ང་རང་དགའ་ཚོར་ཆེན་པོ་སྐྱེ་གི་འདུག

    ད་ལོ་ང་ལ་ཀྲུང་གོ་སྲིད་གཞུང་གིས“ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བའི་”དྲན་གསོའི་རྟགས་མ་གནང་བ་དེ་ང་དང་ངའི་ཁྱིམ་རྒྱུད་ཀྱི་ངོས་ནས་བརྗོད་ན་གཟི་བརྗིད་མཚན་སྙན་ཞིག་རེད། ང་ཚོས་ལོ་རྒྱུས་ཀྱི་དཔང་རྟགས་སྲུང་སྐྱོང་བྱེད་མཁན་ཡག་པོ་ཞིག་བྱས་ཏེ་རྒྱལ་ཁབ་གཉིས་པོའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་ཆེད་རང་ཉིད་ཀྱི་ལེགས་སྐྱེས་འབུལ་རྒྱུ་ཡིན།

    (རྩོམ་པ་པོ་ནི་ཀྲུང་གོར་རོགས་སྐྱོར་བྱེད་མཁན་སུའུ་ལེན་མཁའ་དམག་རུ་ཁག་གི་འཕུར་སྐྱོད་བཀོད་འདོམས་པའི་རྗེས་རབས་པ་ཡིན་པ)

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།