དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀན་སུའུ་ཡིས“བུད་མེད་ཀྱི་ཁྱིམ་ལས་ཞབས་ཞུའི་ས་ཚིགས”ཀྱི་ནུས་པ་འདོན་སྤེལ་བྱས་པ།

    བུད་མེད་གསོ་སྦྱོང་ལེགས་པར་བྱས། ལས་རིགས་རྩལ་ནུས་གོང་མཐོར་བཏང་།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཙེང་དབྱི་ཁྲེན།   |     སྤེལ་དུས།  2025-12-24

    ཀའོ་ཤིན་ནི་ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་གྱི་ཁྱིམ་ལས་བྱེད་མཁན་ཞིག་ཡིན་པ་དང་། ཕྲུ་གུ་གཉིས་ཀྱི་ཨ་མ་ཡིན་པའི་ཁོང་ལ་བུ་གསོའི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད། མི་རིང་བའི་གོང་། ཁོང་གིས་རང་ཉིད་སྡོད་སའི་སྡེ་ཁུལ་གྱི་གྲོགས་ཚོགས་ནས“ལན་ཀྲོའུ་གྲོང་ཁྱེར་ཅིའུ་ཆོན་ལམ་དུ‘བུད་མེད་ཀྱི་ཁྱིམ་ལས་ཞབས་ཞུའི་ས་ཚིགས’ཤིག་ལས་གཉེར་བྱེད་འགོ་ཚུགས་ནས་སློབ་ཡོན་མི་དགོས་པར་བུད་མེད་ཚོར་ཁྱིམ་ལས་ཀྱི་རྩལ་ནུས་གསོ་སྦྱོང་བྱེད་ཀྱི་ཡོད”ཚུལ་མཐོང་།

    “ཡིད་ཆེས་བྱེད་དགོས་སམ། འགྲོ་དགོས་ཡིན་ནམ” ཀའོ་ཤིན་གྱིས་སེམས་ཐག་ཆོད་པོས་དུས་རྒྱུན་མཉམ་དུ་ལས་ཀ་ཙག་ཙིག་བྱེད་མཁན་གྲོགས་མོ་ཁྲིད་ནས་ལྟ་བར་འགྲོ་འདོད་བྱུང་། འོན་ཀྱང་། གྲོགས་མོས“དེར་ཉིན་མང་པོ་འགོར་བས། དེ་ལས་ཕྱིར་གླ་པ་རྒྱུག་ནས་ཡོང་སྒོ་བསགས་ན་དགའ”ཞེས་འགྲོ་འདོད་དེ་ཙམ་མེད་པའི་རྣམ་འགྱུར་སྟོན་བཞིན་དུ་བཤད།

    བསམ་བློ་ཡང་ཡང་བཏང་རྗེས། ཀའོ་ཤིན་གྱིས་ཐོས་པ་བརྒྱ་ལས་མཐོང་བ་གཅིག་དགའ་སྙམ་ནས་ལྟ་བར་འགྲོ་རྒྱུའི་སེམས་ཐག་བཅད།

    དུས་ཡུན་ཉིན་ལྔ་ཡིན་པའི་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་འདི་ཀན་སུའུ་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྒྲིག་འཛུགས་བྱས་ནས་གཉེར་བ་ཞིག་རེད། “སློབ་ཚན་འཁྲིད་མཁན་ནི་ཁྱིམ་ལས་གཉེར་མཁན་ཁེ་ལས་ནས་འོང་བ་ཡིན་པ་དང་། སློབ་ཁྲིད་ཀྱི་ནང་དོན་ནི་ཁྲོམ་རའི་དགོས་མཁོར་གཞིགས་ནས་གཏན་འཁེལ་བྱས་པ་ཞིག་ཡིན་པས་ཚང་མར་ཕན་ཐོགས་ཡོད”ཅེས་ཀན་སུའུ་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བུད་མེད་འཕེལ་རྒྱས་པུའི་འགན་འཁུར་བས་ངོ་སྤྲོད་བྱས།

    གསོ་སྦྱོང་འཛིན་གྲྭ་གཉེར་བ་དེས་ཀའོ་ཤིན་གྱི་མཐོང་རྒྱ་ཆེ་རུ་སོང་ནས“ཕྲུ་གུ་པང་དུ་ཉར་སྟངས་ཁོ་ན་དགེ་རྒན་གྱིས་ཁག་མང་པོ་སློབ་ཀྱི་ཡོད”པ་དང་། སློབ་ཁྲིད་རིང་བྱིས་པ་གསོ་སྐྱོང་གི་ཤེས་བྱ་ཡོད་པ་ཕུད། དགེ་རྒན་གྱིས་ད་དུང་སློབ་མ་རྣམས་ཁྲིད་དེ་ཁྱིམ་ལས་ཀུང་སིར་དངོས་སྦྱོང་བྱས་ཡོད། ཀའོ་ཤིན་གྱིས“སྔོན་མ་ཕྲུ་གུ་ཉར་སྐབས་རང་ཉིད་ཀྱི་ཉམས་མྱོང་ཁོ་ནར་བརྟེན་མོད། ད་ལྟ་ཆེད་ལས་དགེ་རྒན་གྱིས་ཁྲིད་རོགས་བྱས་པས་དེ་བས་ཚན་རིག་དང་མཐུན་ཞིང་ཆ་ལག་ཚང་བའི་སྒོ་ནས་སྦྱོང་རྒྱུ་བྱུང”ཞེས་བཤད།

    རྩལ་ནུས་གསོ་སྦྱོང་འཛིན་གྲྭ་བཙུགས་པ་དེས་ཁྱིམ་ལས་གཉེར་མཁན་ཚོའི་རྩལ་ནུས་བྱང་ཆུབ་པ་དང་མཐོ་རུ་འགྲོ་བར་ཕན་པ་བྱུང་བ་མ་ཟད། ཚང་མར་ལས་དང་པོ་ནས་རིམ་པ་མཐོ་རུ་གཏོང་བའི་བར་གྱི་ལས་རིགས་འཕེལ་རྒྱས་གཏོང་ལམ་ཞིག་བཤངས་ཡོད།

    སློབ་སྦྱོང་མཐར་ཕྱིན་ནས་དཔྱད་ཞིབ་བྱས་མཐར་ཀའོ་ཤིན་ལ་གསོ་སྦྱོང་ཚད་ལོན་གྱི་ལག་ཁྱེར་རག་པ་མ་ཟད། ཕུལ་བྱུང་སློབ་མར་ཡང་བདམས་ཤིང་། དེའི་རྗེས། ཁོང་གིས་སྦྱངས་པའི་རྩལ་ནུས་ལ་བརྟེན་ནས“མཐོ་རིམ་བུ་གསོ་བའི”ལས་རིགས་ཐོབ་ཐང་ལག་ཁྱེར་བླངས་ཡོད། ཀའོ་ཤིན་གྱིས“སྔོན་ཆད་ལས་ཀ་འཚོལ་སྐབས་མཁོ་མཁན་ལ་ཕྲུ་གུ་ཁྲིད་མྱོང་བའི་པར་སྟོན་རྒྱུ་ལས་མེད། ད་ཆ་ལག་ཁྱེར་སྟོན་རྒྱུ་ཡོད་པས། ལས་ཀ་བྱེད་སྐབས་གདེང་ཚོད་ཡོད་པ་དང་། ལས་ཀར་དཀའ་ངལ་མི་འདུག”ཅེས་བཤད།

    ཀའོ་ཤིན་གྱིས་ད་ཆ་ལས་ཀ་མི་རག་པའི་སེམས་ཁྲལ་བྱེད་དགོས་མེད་ལ་ཡོང་འབབ་ཀྱང་དེ་བས་བརྟན་པོ་ཡོད། སང་ལོར་ཞིང་ཆེན་བུད་མེད་ཁྱིམ་ལས་ཞབས་ཞུའི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེན་པོར་ཞུགས་རྩིས་ཡོད། “ས་ཚིགས་སུ་རང་ཉིད་སློབ་སྦྱོང་བྱ་རྒྱུ་བྱུང་བས། སྦྱངས་པའི་རྩལ་ནུས་དང་ཉམས་མྱོང་དག་གཞན་ལ་སློབ་རྒྱུའི་ཚོད་ལྟའང་བྱེད་འདོད་ཡོད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།