མཁའ་ལམ་པང་དུ་ཐོག་མའི་བསམ་འདུན་སྦྲུམ། དང་བླངས་ཞབས་ཞུར་ལང་ཚོའི་མཛེས་སྡུག་ངོམས།
——2024ལོའི་ལོ་འཁོར་གྱི་རྒྱལ་ཡོངས་དང་བླངས་ཞབས་ཞུའི“བརྒྱ་བྱས་པ་བཞི”ཡི་སྔོན་ཐོན་དཔེ་མཚོན་དང་བླངས་པ་ཡག་ཤོས་གཡང་འཛོམས་ཀྱི་སྐོར་བཀོད་པ།
མཐའ་ཡས་པའི་མཚོ་བོད་ས་མཐོའི་པང་དུ་ལེ་དབར་སྟོང་གི་ལྕགས་ལམ་གཡུ་འབྲུག་སྔོན་མོ་བཞིན་འཁྱུག་སྟེ་གངས་ལྗོངས་དང་འཛམ་གླིང་འབྲེལ་ནས་ཡོད། འདི་གར་ཞུམ་པ་མེད་པའི“སྐལ་བཟང་མེ་ཏོག”ཅིག་ཡོད་པ་དེ་ནི་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་ལྷ་ས་མེ་འཁོར་འབབ་ཚུགས་ཉིང་ཁྲི་འཁོར་ཁང་གི་ལས་ཚབ་ལས་རོགས་བཟོ་སྐྲུན་ཆེ་མོ་བ་དང་2024ལོ་འཁོར་གྱི་རྒྱལ་ཡོངས་དང་བླངས་ཞབས་ཞུའི“བརྒྱ་བྱས་པ་བཞི”ཡི་སྔོན་ཐོན་དཔེ་མཚོན་དང་བླངས་པ་ཡག་ཤོས་གཡང་འཛོམས་རེད།
ལ་ཀླུང་མང་པོ་བརྒལ་ནས་མྱུ་གུ་འབུས་པའི་ས་བོན་ཞིག
2002ལོར། མཚོ་བོད་ལྕགས་ལམ་དུ་དམིགས་འཛུཌ་ཀྱི་མངགས་གསོའི་སློབ་མ་བསྡུ་འགོ་ཚུགས་ཤིང་། ལོ་18ལ་སླེབས་པའི་གཡང་འཛོམས་བོད་ནས་བྲལ་ཏེ་ཝུའུ་ཧན་དུ་སློབ་གྲྭ་འགྲིམ་པར་བསྐྱོད།
སྟེས་དབང་གི་གོ་སྐབས་ཤིག་ལས་ཁོ་མོ་དང་སློབ་གྲོགས་ཚོ་མཉམ་དུ“ལང་ཚོའི་བདེ་ཐང”ཞེས་པའི་དང་བླངས་ཞབས་ཞུའི་རྣམ་གྲངས་ལ་ཞུགས་ཏེ་ཐེངས་དང་པོར་གཞོན་ནུ་དང་བླངས་པའི་ངོས་ནས་མི་གཞན་ལ་རོགས་རམ་བྱས། མྱོང་བརྒྱུད་དེ་ནི་ས་བོན་ཞིག་དང་འདྲ་བར་ཁོ་མོའི་སེམས་གཏིང་དུ་མྱུ་གུ་འབུས་ཤིང་། ཁོ་མོས“སྟོབས་ཤུགས་ཆུང་ངུ་ཞིག་ལས་གཞན་ལ་དྲོ་སྐྱིད་སྟེར་གྱི་འདུག”ཅེས་བཤད།
2006ལོར། མཚོ་བོད་ལྕགས་ལམ་ལམ་ཐིག་ཆ་ཚང་ཤར་གཏོང་ཐུབ་པ་དང་གཡང་འཛོམས་ཀྱང་བོད་ཀྱི་ལྕགས་ལམ་ལས་བཟོ་ཁག་དང་པོར་གྱུར། ལས་བྲེལ་ག་ཚོད་ཆེ་ཡང་། ཁོ་མོས་རང་ཉིད་དང་ཐོག“དང་བླངས་པ”བྱེད་པའི་མྱོང་བརྒྱུད་བརྗེད་མྱོང་མེད།
ཁོ་མོས“ལང་ཚོའི་བདེ་ཐང”གི་རྣམ་གྲངས་ས་མཐོར་སྤེལ་བའི་བསམ་ཚུལ་བཅངས་ཏེ་ཕྱོགས་མང་པོར་མཐུན་སྦྱོར་བྱས་པ་དང་། འབྲེལ་ཡོད་སྡེ་ཚན་གྱི་རྒྱབ་སྐྱོར་འོག་སློབ་གྲྭ་དང་། སྡེ་ཁུལ། འབྲོག་ཁུལ་བཅས་སུ་་གཞོན་ནུ་ལོ་ཆུང་གི་བདེ་ཐང་སློབ་གསོ་སྤེལ་བ་རེད། “ཕྲུ་གུ་ཚོའི་ཁྲ་ཆུང་མིག་ནས་མངོན་པའི་རེ་བ་དེ་ནི་ང་ཚོས་རྒྱུན་འཁྱོངས་བྱེད་པའི་སྟོབས་ཤུགས་ཡིན”ཞེས་གཡང་འཛོམས་ཀྱིས་བཤད།
མདུན་སྐྱོད་ལམ་ཆུང་གསལ་བའི་འོད་སྣང་ཞིག
ལྷ་ས་མེ་འཁོར་འབབ་ཚུགས་སུ། རྟག་ཏུ་མི་ཚོགས་ཀྱི་ཁྲོད་ནས་གཟུགས་པོ་ཆུང་ཞིང་ལུས་ཤ་རིད་པའི་གཡང་འཛོམས་ཀྱི་གཟུགས་བརྙན་མཐོང་ཐུབ།
ཁོ་མོས་འགྲུལ་པ་རྒན་རྒོན་དང་དབང་སྐྱོན་ཚོར་དམིགས་བསལ་དོ་ཁུར་བྱེད་པ་དང་། རང་གི་དངུལ་བཏང་ནས་བོད་རྒྱ་ཤན་སྦྱར་གྱི་ལམ་སྟོན་ཤོག་བྱང་བཟོས་ཏེ་སྐད་བརྡ་མི་འཕྲོད་པའི་འགྲུལ་པར་རོགས་རམ་བྱེད་པ། མིག་ཤེད་ཉམས་པའི་མི་སྣ་འབབ་ཚུགས་ནས་སྒྲོལ་རོགས་བྱས་ཏེ་ཁོང་ཚོར་སྤྱི་ཚོགས་ཐོག་བློ་ཁོག་ཆེ་ཙམ་བྱེད་དགོས་པའི་སྐུལ་ལྕག་གཏོང་བ་སོགས་བྱེད་ཀྱི་ཡོད།
“བྱ་བ་དེ་རིགས་ཧ་ཅང་མང་པོ་འཕྲད་ཀྱི་འདུག ཡང་སྙིང་མི་ག་ཚོད་ལ་རོགས་པ་བྱས་པ་གསལ་པོ་ཤོད་རྒྱུ་མི་འདུག གང་ཐུབ་ཅི་ཐུབ་ཀྱིས་གཞན་ལ་རོགས་རམ་བྱས་ན་སེམས་པ་སྐྱིད་པོ་འདུག”ཅེས་གཡང་འཛོམས་ཀྱིས་བཤད། སྤྲོ་སྣང་འདིས་གཡང་འཛོམས་ལ་རྟག་ཏུ་སེམས་ཤུགས་འཕེལ་གྱི་ཡོད། 2021ལོར་ཁོ་མོས་སྣེ་ཁྲིད་དེ“མཁའ་ལམ་གྱི་གཞོན་ནུ་དང་བླངས་ཞབས་ཞུའི་རུ་ཁག་སྐལ་བཟང་མེ་ཏོག”ཅེས་པ་བཙུགས་ནས་ལས་རོགས་དང་ནང་མི་དང་ཐ་ན་སྤྱི་ཚོགས་ཀྱི་མི་སྣ་དེ་བས་མང་བ་ཞུགས་རྒྱུའི་སྐུལ་ཁྲིད་བྱས་པ་རེད།
ལོ་མང་རིང་། གཡང་འཛོམས་དང་ཚོགས་པས་རིམ་རྩིས་བརྒྱབ་ན་དཀའ་ངལ་ཡོད་པའི་གཞོན་ནུ་ལོ་ཆུང་ཁྲི་10ཙམ་ལ་རོགས་རམ་བྱས་ཡོད།
ས་མཐོར་རྩ་བ་ཚུགས་པའི་དད་སེམས་ཤིག
མི་གཅིག་ནས་མི་ཚོགས་ཤིག་བར་དང་མེ་འཁོར་གཏོང་ཐེངས་གཅིག་ནས་མཁའ་ལམ་ཧྲིལ་པོའི་བར། གཡང་འཛོམས་ཀྱི་དང་བླངས་ཞབས་ཞུའི་ལམ་བུ་ཇེ་ཡངས་སུ་འགྲོ་བཞིན་ཡོད།
གཡང་འཛོམས་ཀྱིས་ས་མཐོའི་ཁྱད་ལྡན་དང་བླངས་ཞབས་ཞུའི་སྤུས་རྟགས་གསར་གཏོད་བྱས་པར་རྒྱལ་ཡོངས་ཀྱི་དང་བླངས་ཞབས་ཞུའི་རྣམ་གྲངས་འགྲན་བསྡུར་སྐབས་བདུན་པའི་དངུལ་གྱི་བྱ་དགའ་རག་པ་དང་། ཁོང་མི་སྒེར་ལ་སྔ་རྗེས་སུ“མཁའ་ལམ་གྱི་མི་སེམས་འགུལ་བའི་མི་སྣ་བཅུ”དང་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཀྱི་གཞོན་ནུ་དང་བླངས་པའི་ཕུལ་བྱུང་མི་སྒེར་གྱི་བྱ་དགའ་ཐོབ་ཡོད།
ལས་རོགས་ཚོས་ཁོ་མོར་སྙིང་ཉེ་བའི་ངང“ལེ་དབར་སྟོང་གི་ལྕགས་ལམ་སྟེང་གི་སྐལ་བཟང་མེ་ཏོག”ཅེས་འབོད་ཀྱི་ཡོད། “ང་ལ་འཇོན་ཐང་ཆེན་པོ་མེད་ལ་གནམ་ས་འགུལ་བའི་དོན་དག་ཆེན་པོའང་སྒྲུབ་མི་ཐུབ། ངས་སོ་སོའི་ནུས་ཤུགས་ལ་དཔག་པའི་འོད་སྣང་ཕྲན་བུར་བརྟེན་ནས་གཞན་གྱི་སེམས་ནང་གི་ལམ་ཆུང་གསལ་བར་འདོད”ཅེས་གཡང་འཛོམས་ཀྱིས་བཅར་འདྲི་དང་ལེན་བྱེད་སྐབས་ལྷོད་ལྷོད་ངང་བཤད།
ད་ཆ། ལྕགས་ལམ་སྣུར་སྲིང་བྱས་པ་དང་སྦྲགས་གཡང་འཛོམས་ཀྱི་གཏམ་རྒྱུད་ཀྱིས་ཀྱང་མི་དེ་བས་མང་བར་སེམས་འགུལ་ཐེབས་བཞིན་ཡོད་ཅིང་། དང་བླངས་པའི་སྙིང་སྟོབས་ཀྱང་སྐལ་བཟང་མེ་ཏོག་ཇི་བཞིན་གངས་ལྗོངས་ས་མཐོར་འདབ་བརྒྱ་ལྷུག་པོར་གྲོལ་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།