དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་གི་ལྗོངས་ཕྱིར་ལས་ཞུགས་བྱས་པའི་མི་སྣའི་ནང་མིས་གཉེན་ཉེ་ཐུག་པར་བསྐྱོད་པ།

    རྒྱ་བོད་བརྩེ་བ་མཚོ་ལས་ཟབ། སྐལ་བཟང་མེ་ཏོག་རྣམ་པར་བཀྲ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-24

    ཟླ་12ཚེས་9ནས་15ཉིན་བར་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་གི་ལྗོངས་ཕྱིར་ལས་ཞུགས་བྱས་པའི་མི་19ཡི་ནང་མིས་ས་མཐོ་ནས་ལམ་ཐག་སྤྱི་ལེ་3500ཡོད་པའི་ཏུང་ཐིང་མཚེའུ་འགྲམ་དུ་བསྐྱོད་དེ། དུས་ཡུན་གཟའ་འཁོར་གཅིག་གི་གཉེན་ཉེ་ཐུག་འཕྲད་ཀྱི་ལམ་དུ་ཞུགས།

    འདི་ནི་རེ་སྒུག་ཡུན་རིང་བྱས་པའི་མཉམ་འཛོམས་ཤིག་རེད། “ང་རང་གནམ་གྲུར་སྡོད་ཐེངས་དང་པོ་ཡིན་ལ། གཡོད་དབྱང་དུའང་སྐྱོད་ཐེངས་དང་པོ་ཡིན། སེམས་ནང་དངངས་འཚབ་ཆེན་པོ་བྱུང་། གཞན་ཡུལ་དུ་ཡོད་པའི་ཕྲུ་གུའི་འཚོ་བ་སྐྱིད་པོ་ཡོད་མེད་ལྟ་འདོད་ཆེན་པོ་བྱུང”ཞེས་བུ་ཆུང་གིས་མིག་མཐར་མཆི་མ་འཁོར་བཞིན་དུ་བཤད།

    བུ་མོའི་ཉལ་ཁང་དུ་འབྱོར་མ་ཐག ཁོང་གིས་ལམ་སེང་རྡོག་ཁྲེས་ཁ་ཕྱེ་ནས་ཕ་ཡུལ་ནས་ཁྱེར་བའི་ཚགས་ཤ་དང་། ཕྱུར་བ། མར་སོགས་རེ་རེ་བཞིན་བཏོན་ཏེ་བུ་མོར་སྤྲད།

    བུ་ཆུང་དང་འདྲ་བར་ཅིན་ཙེ་བཟའ་བཅའ་ཚོགས་པ་མ་རྐང་ཚད་ཡོད་ཀུང་སིའི་ཐུམ་སྒྲིལ་འཁོར་ཁང་དུ། ནོར་བུ་ཚེ་རིང་གིས་ཨ་ནེ་སྐལ་བཟང་སྒྲོལ་དཀར་ལ་དུས་རྒྱུན་རང་ཉིད་ཀྱིས་བྱེད་དགོས་པའི་ལས་རིམ་ངང་རྒྱུད་རིང་ལ་ཞིབ་ཚགས་པོས་ངོ་སྤྲོད་བྱས་པར་ཨ་ནེས་མགོ་བོ་ལྕོག་ལྕོག་བྱེད་བཞིན་ནན་གྱིས་ཉན།

    ད་ལོའི་ཟླ་8པར་ལས་ཞུགས་བོད་སྐྱོར་སྲིད་ཇུས་ཀྱི་རོགས་རམ་འོག་ནོར་བུ་ཚེ་རིང་གཡོད་དབྱང་དུ་སླེབས། གནས་འདིར་ཐོག་མར་སླེབས་སྐབས་ཞིབ་ཚགས་ཀྱི་དཔྱད་ཆས་དང་ཆེད་ལས་ཀྱི་བརྒྱུད་རིམ་ལ་རྒྱུས་མངའ་སྤུ་ཙམ་མེད་པས་ཅི་བྱ་གཏོལ་བྲལ་གྱི་གནས་སུ་གྱར། དེར་བརྟེན་ཁེ་ལས་ཀྱིས་མཛུབ་ཁྲིད་དགེ་རྒན་བཀོད་སྒྲིག་བྱས་པ་དང་ལས་རོགས་ཀྱིས་ཀྱང་ངང་རྒྱུད་རིང་པོས་རོགས་རམ་བྱས་མཐར། ནོར་བུ་ཚེ་རིང་ལས་སྒོ་བྱང་ཆུབ་པའི་འཇོན་ཐང་ཅན་ཞིག་ཏུ་རིམ་བཞིན་གྱུར།

    ད་ཆ་ཁོང་གིས་ཞིབ་བཤེར་ལས་དོན་ནུས་ལྡན་ངང་ལེགས་པར་སྒྲུབ་ཐུབ་པ་མ་ཟད། ད་དུང་དཀའ་གནད་སྣ་ཚོགས་སོ་སོས་ཐག་གཅོད་བྱེད་ཐུབ་ཀྱི་ཡོད། “ཕོ་ཁྱོ་གའི་བློ་རྒྱ་མཁའ་ལས་ཡངས། གཡོད་དབྱང་དུ་ལས་ཀ་བྱེད་པར་ཡོང་བ་ནི་ངའི་གདམ་ག་ཡག་ཤོས་ཡིན”ཞེས་ནོར་བུ་ཚེ་རིང་གིས་གད་མོ་འཚེར་འཚེར་ངང་ཨ་ནེར་བཤད། དེ་གར་ལས་ཀ་བྱེད་རིང་ཁོང་གིས་རྒྱ་རིགས་བུ་མོ་ཞིག་ངོ་ཤེས་པ་དང་། དུས་རྒྱུན་ལས་ཀའི་ཁྲོད་ཁོང་གཉིས་ཕན་ཚུན་རོགས་རམ་བྱེད་པ་དང་། འཚོ་བའི་ནང་གི་བདེ་སྡུག་གང་ཡོད་ཤོད་རེས་བྱས་པ་བརྒྱུད་རིམ་པས་ཁོང་གཉིས་དབར་བརྩེ་དུང་གི་མདུད་པ་ཐེབས།

    “དེ་གོང་ལག་ཐོགས་ཁ་པར་གྱི་བརྙན་ལམ་བརྒྱུད་ཕྲུ་གུར་ལྟ་རྒྱུ་རེད། ད་ལྟ་གཡོད་དབྱང་དུ་ཕྲུ་གུ་ཚོའི་ལས་ཀ་བརྟན་པོ་ཡོད་པ་དང་། འཚོ་བ་སྐྱིད་པ། ཕན་ཚུན་ལྟ་སྐྱོང་བྱེད་སའི་དགའ་རོགས་ཀྱང་ཡོད་པ་ནང་མི་སོ་སོས་མཐོང་བས་ཚང་མ་བློ་བདེ་པོ་བྱུང་སོང་། ང་ཚོས་བྱེད་སྒོ་འདི་འདྲ་ཞིག་སྤེལ་ནས་ནང་མིས་རང་ཉིད་ཀྱི་ཕྲུ་གུ་འཚར་ལོངས་ཡོང་བ་དངོས་སུ་མཐོང་ཐུབ་པ་དང་། ཧུའུ་ནན་དང་བོད་ཀྱི་མཛའ་མཐུན་ཟབ་མོ་ཡང་དངོས་སུ་ཚོར་དུ་འཇུག་འདོད་བྱུང”ཞེས་ཟངས་རི་རྫོང་སྲིད་གྲོས་ཀྱི་འབྲེལ་ཡོད་འགན་འཁུར་བས་སེམས་འགུལ་ཆེན་པོ་ཐེབས་བཞིན་བཤད།

    གཡོད་དབྱང་ཐོག་ཁང་གི་སྟེང་ནས་དེ་གའི་ཡུལ་ལྗོངས་ལ་བལྟས་རྗེས། བློ་བཟང་རིག་འཛིན་གྱིས“དེ་སྔོན་བརྙན་འཕྲིན་ནང་ནས་གཡོད་དབྱང་གི་ཡུལ་ལྗོངས་མཐོང་མྱོང་མོད། དེ་རིང་ས་ཆ་འདིར་དངོས་སུ་སླེབས་བྱུང་། ཕྲུ་གུ་ཚོ་གཡོད་དབྱང་དུ་ལས་ཀ་ཡག་པོ་བྱེད་རྒྱུ་བྱུང་བ་མ་ཟད། འཚོ་བའང་སྐྱིད་པོ་སྐྱེལ་རྒྱུ་བྱུང་བས། ང་ཚོ་ནང་མི་ཚང་མ་བློ་བདེ་སོང”ཞེས་མྱོང་བ་ཟབ་མོས་བཤད།

    གཡོད་དབྱང་ཐོག་ཁང་ཉེ་འགྲམ་གྱི“ལྷོ་ཁའི་ཁྱིམ”ཞེས་པའི་ཟ་ཁང་གི་བོད་བཟོའི་བཀོད་པ་མཐོང་བ་ཙམ་གྱིས་ཕ་ཡུལ་དུ་སླེབས་པ་ལྟ་བུའི་སྣང་བ་ཞིག་འཆར། ཟ་ཁང་དེ་ནི་གཡོད་དབྱང་དུ་ལས་ཞུགས་བྱས་པའི་ལྷོ་ཁ་ནས་ཡིན་པའི་གཞོན་ནུ་ཚོ་མཉམ་འཛོམས་དང་རིག་གནས་བྱེད་སྒོ་སྤེལ་ས་གལ་ཆེན་ཞིག་ཏུ་གྱུར་ལ། གཞན་ཡུལ་འགྲིམ་པའི་ཕྲུ་གུ་ཚོའི་ཁྱིམ་གཞན་ཞིག་ཀྱང་རེད།

    “རྒྱ་བོད་བརྩེ་བ་མཚོ་ལས་ཟབ། སྐལ་བཟང་མེ་ཏོག་རྣམ་པར་བཀྲ། ད་ཐེངས་ཀྱི་བྱེད་སྒོ་འདི་ནང་མི་ཐུག་འཕྲད་ཙམ་མ་ཡིན་པར་གཉེན་ཉེ་ཐུག་པར་ཡོང་བ་ཞིག་དེ་བས་རེད”ལས་ཞུགས་བོད་སྐྱོར་ནི་ཡུན་རིང་གི་ལས་ཀ་ཞིག་ཡིན་པས་སླད་ཕྱིན་མུ་མཐུད་འབད་བརྩོན་བྱས་ནས། བོད་རིགས་སྤུན་ཟླ་དེ་བས་མང་བ་གཡོད་དབྱང་དུ་གཞིས་ཆགས་ཐུབ་པ་དང་། མཉམ་འདྲེས་ཐུབ་པ། འཚོ་བ་ཡག་པོ་སྐྱེལ་ཐུབ་པ་བཅས་བྱ་རྒྱུ་ཡིན་ལ། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་གཙང་འགྲམ་གྲོང་ཁྱེར་དེར་དེ་བས་མཚར་སྡུག་ལྡན་པའི་ངང་བཞད་པར་བྱ་རྒྱུ་ཡིན་ཞེས་གཡོད་དབྱང་བོད་སྐྱོར་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་དང་། ཟངས་རི་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། རྒྱུན་ལས་རྫོང་དཔོན་གཞོན་པ་ཕུང་ཏན་གྱིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།