ཞི་ཅིན་ཕིང་གིས་ཆི་ལིའི་ཙུང་ཐུང་ལ་བདམས་ཐོན་བྱུང་བའི་ཁཱ་སི་ཐེར་རྟེན་འབྲེལ་གློག་འཕྲིན་བཏང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་22ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁཱ་སི་ཐེ་ལ་གློག་འཕྲིན་བཏང་གནང་ནས། ཁོང་ཆི་ལི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་པར་རྟེན་འབྲེལ་ཞུས་པ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཆི་ལི་ནི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་འཛུགས་མཁན་མེ་གླིང་ལྷོ་མའི་རྒྱལ་ཁབ་དང་པོ་དེ་ཡིན་ཞིང་། རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། གཉིས་ཁེ་གཉིས་ཕན་བཅས་མཐའ་འཁྱོངས་ཀྱིས་རང་རང་སོ་སོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ལ་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱས་ཏེ། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཁ་ཡོད་ལག་ཡོད་ཀྱི་བདེ་རྩ་བསྐྲུན་ཡོད། དུས་ཡུན་རིང་པོའི་ནང་། ཀྲུང་ཆིའི་དབར་གྱི་འབྲེལ་བ་ནི་ཀྲུང་གོ་དང་ལ་ཏིང་མེ་གླིང་རྒྱབ་ཁབ་དབར་གྱི་འབྲེལ་བའི་མདུན་གྲལ་དུ་སླེབས་པ་དང་། ཀྲུང་ཆིའི་འབྲེལ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་ནི་རྒྱལ་ཁབ་གཉིས་པོའི་སྤྱི་ཚོགས་ལས་རིགས་ཁག་གི་ཡོངས་ཁྱབ་ཀྱི་ཐུན་མོང་ངོས་འཛིན་དུ་གྱུར་ཡོད། ངས་ཀྲུང་ཆིའི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཙུང་ཐུང་ཁཱ་སི་ཐེ་དང་མཉམ་དུ་འབད་བརྩོན་གྱིས་སྲོལ་རྒྱུན་མཛའ་གྲོགས་ཀྱི་རྒྱུན་མུ་མཐུད་བསྐྱངས་ཏེ། ཀྲུང་ཆིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་དེ་བས་ཆེ་བ་སྐྲུན་འདོད་ཡོད།
འབྲེལ་ཡོད་གསར་འགྱུར།