ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས།
《2026ལོའི་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་གི་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་དགོས་པའི་སྐོར་གྱི་བརྡ་ཐོ》བཀྲམ་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《2026ལོའི་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་གི་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་དགོས་པའི་སྐོར་གྱི་བརྡ་ཐོ》བཀྲམ་པ་རེད། ནང་དོན་ཆ་ཚང་གཤམ་གསལ།
2026ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་འགོ་འཛུགས་ལོ་རེད། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་ནས། གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་གི་ལས་དོན་ཁག་ཡག་པོ་སྒྲུབ་པར་སྤྱི་འདོམས་བྱས་ཐོག མི་དམངས་མང་ཚོགས་ཀྱིས་དགའ་སྤྲོ་དང་། དུས་བདེ། འཆམ་མཐུན་བཅས་ཀྱི་དུས་ཆེན་ཞིག་གཏོང་ཐུབ་པའི་འགན་ལེན་བྱེད་དགོས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ད་ལྟ་འབྲེལ་ཡོད་དོན་ཚན་བརྡ་ཐོ་གཏོང་རྒྱུ་གཤམ་གསལ།
གཅིག དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སེམས་ཁུར་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རོགས་སྐྱོབ་རོགས་སྐྱོར་དང་འཚམས་འདྲིའི་ལས་དོན་ནན་ཏན་ངང་ཡག་པོ་བསྒྲུབས་ཏེ། མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་ཁོང་ཚོའི་དཀའ་གནད་ཧུར་ཐག་སེལ་དགོས། གཏན་འབེབས་ལྟར་རོགས་སྐྱོབ་མ་དངུལ་དུས་ཐོག་ཏུ་གྲངས་ཚང་སྤྲོད་དགོས་པ་དང་། ཆ་རྐྱེན་ཡོད་པའི་ས་གནས་ཀྱིས་རོགས་སྐྱོབ་མ་དངུལ་སྔ་སྣུར་དུ་སྤྲོད་པའམ་ཡང་ན་སྤྲོད་ཐེངས་གཅིག་གི་འཚོ་བའི་ཁ་གསབ་དངུལ་འཐོལ་པ་སྤྲད་ཀྱང་ཆོག གནས་སྐབས་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས་ཐོལ་བྱུང་རང་བཞིན་དང་དགོས་གལ་རང་བཞིན་གྱི་དཀའ་ངལ་འཕྲད་པའི་མང་ཚོགས་ལ་དུས་ཐོག་ཏུ་གཞི་རྩའི་འཚོ་བའི་འགན་ལེན་དངུལ་སྤྲད་དེ། གནོད་འཚེ་ཕོག་པའི་མི་སྣར་དགུན་དཔྱིད་རིང་གི་རོགས་སྐྱོབ་ཡག་པོ་བྱེད་དགོས། དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་དང་། དབང་པོ་སྐྱོན་ཅན། ཉམ་ཐག་བྱིས་པ་སོགས་ཀྱི་ཚོགས་སྤྱིར་འཚམས་འདྲི་དང་གཅེས་སྐྱོང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། “གྲང་ངར་ཆེ་བའི་དགུན་ཁར་དྲོ་སྐྱིད་སྦྱིན་པའི”ཆེད་དོན་རོགས་སྐྱོབ་བྱ་སྤྱོད་སྤེལ་དགོས། གླ་ཆ་འགྱངས་ཆད་ཀྱི་གནད་དོན་བཅོས་སྒྲིག་བྱེད་པའི་དགུན་དུས་བྱ་སྤྱོད་སྤེལ་ནས། ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་ཁྲིམས་བཞིན་རྡུང་རྡེག་གཏོང་དགོས། ཁེ་ལས་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་དོན་འཁྱོལ་བྱས་ནས། རྩིས་དངུལ་འགྱངས་ཆད་ཀྱི་གནད་དོན་ཐག་གཅོད་བྱེད་དགོས། ལས་ཞུགས་ཀྱི་དཀའ་ངལ་ཡོད་པའི་མི་སྣར་ལས་ཞུགས་རོགས་སྐྱོར་བྱེད་དགོས། སྟབས་བསྟུན་ལས་ཞུགས་མི་སྣ་དང་ལས་ཞུགས་ཚོགས་སྤྱི་གསར་པའི་ངལ་རྩོལ་ཁེ་དབང་ལ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས། གཞི་རིམ་གྱི་ལས་བྱེད་པ་དང་ལས་བཟོར་སེམས་ཁུར་དང་གཅེས་སྐྱོང་བྱེད་དགོས་པ་དང་། ལྷག་པར་དུ་ཆ་རྐྱེན་ཞན་པའི་ས་ཁུལ་དང་དཀའ་ཉེན་བྲེལ་ལྕིའི་ལས་འགན་གྱི་འཐབ་ས་དང་པོར་ལས་ཀ་བྱེད་མཁན་ལ་སེམས་ཁུར་དང་གཅེས་སྐྱོང་བྱེད་དགོས། འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་དང་། ཏང་ཡོན་རྒན་གྲས། ལས་བྱེད་པ་རྒན་གྲས་བཅས་དང་། གསར་བརྗེའི་དམར་དམག་འཐབ་འཛིང་པ་རྒན་གྲས་དང་། རི་འགོག་དམག་འཁྲུག་གི་འཐབ་འཛིང་པ་རྒན་གྲས། དང་བླངས་དམག་གི་འཐབ་འཛིང་པ་རྒན་གྲས། དམག་ཁོངས་ནས་དོན་པའི་དམག་མི་རྒན་གྲས། དམག་དཔུང་གི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ། དམག་མི་དབང་པོ་སྐྱོན་ཅན། སྔོན་གཤེགས་དཔའ་བོའི་ནང་མི་སོགས་ལ་འཚམས་འདྲི་ཡག་པོ་ཞུ་དགོས།
གཉིས། ཁྲོམ་རའི་མཁོ་སྤྲོད་བརྟན་ལ་གོ་རིམ་ལྡན་པའི་འགན་ལེན་བྱེད་དགོས། རྡོ་སོལ་དང་། གློག སྣུམ། སོལ་རླངས་བཅས་ཀྱི་ཐོན་སྐྱེད་དང་སྐྱེལ་འདྲེན་འགན་ལེན་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས། དམངས་འཚོའི་ནུས་སྤྱོད་མཁོ་སྤྲོད་དང་རིན་གོང་བརྟན་པོ་ཡོང་བར་བྱས་ཏེ། མང་ཚོགས་ཚ་སོབ་སོབ་ངང་དགུན་སྒྲོལ་ཐུབ་པའི་འགན་ལེན་བྱེད་དགོས། འབྲུ་རིགས་བདེ་འཇགས་ཀྱི་ཏང་སྲིད་འགན་འཁྲི་གཅིག་མཚུངས་དང“ཤ་ཚལ་སྒོང་གསུམ”ཧྲི་ཀྲང་གིས་འགན་འཁུར་བའི་ལམ་ལུགས་དོན་འཁྱོལ་དང་། ཁྲོམ་རའི་ལྟ་ཞིབ་ཚད་ལེན་གྱི་སྔོན་ཚུད་ཉེན་བརྡ་གཏོང་ཤུགས་ཆེ་རུ་གཏོང་བ། འགྲིམ་འགྲུལ་ཟོག་འགྲུལ་ཤར་གཏོང་འགན་ལེན་གྱི་ལས་ཀའི་ལམ་སྲོལ་གྱི་ནུས་པ་འདོན་པ། འབྲུ་སྣུམ་ཤ་སྒོང་དང་། འོ་མ། ཤིང་འབྲས། སྔོ་ཚལ་སོགས་འཚོ་བའི་མཁོ་ཆས་མཁོ་སྤྲོད་འདང་ངེས་དང་རིན་གོང་བརྟན་པོ་ཡོང་བའི་འགན་སྲུང་བྱེད་དགོས། སྤུས་ལེགས་ཚོང་ཟོག་དང་ཞབས་ཞུ་མཁོ་སྤྲོད་བྱེད་རྒྱ་ཆེ་རུ་བཏང་ནས་སྣ་མང་འཛད་སྤྱོད་ཀྱི་རྣམ་པ་གསར་གཏོད་བྱས་ཏེ། གུང་གསེང་རིང་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་འཕེལ་བར་བྱེད་དགོས། བཟའ་བཏུང་ཞབས་ཞུའི་བཟའ་བཅའི་བདེ་འཇགས་དང་ཁྲོམ་རར་འཚོང་བའི་བཟའ་བཅའི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས“ལྕེ་ཐོག་གི་བདེ་འཇགས”བརྟན་པོ་སྲུང་དགོས།
གསུམ། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་དགོས། “དཔྱིད་གསར་དུས་སུ་གཞི་རིམ་དུ་སྐྱོད་པའི”བརྗོད་དོན་གཙོ་བོའི་བཅར་འདྲིའི་བྱེད་སྒོ་སྤེལ་ནས། འབད་འབུངས་མདུན་སྐྱོད་ཀྱི་སྟོབས་ཤུགས་འཕེལ་བར་བྱེད་དགོས། དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་མཚན་ཚོགས་སོགས་རིག་རྩལ་འཁྲབ་སྟོན་བྱེད་སྒོ་ཡག་པོ་གཉེར་ནས། “དགའ་དགའ་སྤྲོ་སྤྲོའི་ངང་ལོ་གསར་གཏོང་བའི”བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་དང་། “མངོན་མིན་རིག་གནས་ཤུལ་བཞག་ལ་བརྟེན་ནས་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུ། ཀྲུང་གོའི་ལོ་གསར་གྱི་སྤྲོ་སྣང་ཉམས་ལེན་བྱེད”ཅེས་པའི་བརྗོད་དོན་གཙོ་བོ་ཁྱབ་གདལ་གཏོང་དགོས། “ང་ཚོའི་ཀྲུང་གོའི་ཕུགས་འདུན། ཁྱིམ་ཚང་ཁྲི་སྟོང་མང་པོར་རིག་གནས་ཁྱབ་གདལ་གཏོང་བ”དང་རིག་གནས་དང་། ཚན་རྩལ། འཕྲོད་བསྟེན་བཅས“གཤམ་སྤེལ་གསུམ”སོགས་ཀྱི་བྱེད་སྒོ་སྤེལ་ཏེ། གཞི་རིམ་ལ་སྤུས་ལེགས་ཀྱི་རིག་གནས་ཐོན་རྫས་མཁོ་འདོན་བྱེད་དགོས། དམག་དམངས་མཉམ་སྐྲུན་བྱེད་སྒོ་སྤེལ་དགོས། ཡུལ་སྐོར་ཐོན་རྫས་ཕུན་སུམ་ཚོགས་སུ་གཏོང་བ་དང་། ཡུལ་སྐོར་གྱི་སྤུས་ཚད་དང་ཉམས་ལེན་ལེགས་སུ་བཏང་སྟེ། འཛད་སྤྱོད་དམངས་ཕན་བྱ་ཐབས་རབ་དང་རིམ་པ་འདོན་དགོས། སྡེ་ཚན་བརྒལ་བའི་ཁྲིམས་སྒྱུར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རིག་གནས་དང་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་སྲུང་དགོས།
བཞི། མང་ཚོགས་བདེ་འཇགས་དང་སྟབས་བདེའི་ངང་འགྲུལ་བཞུད་བྱེད་པར་འགན་སྲུང་བྱེད་དགོས། འགྲུལ་རྒྱུན་གནས་ཚུལ་ལ་སྟབས་བསྟུན་བརྡར་ཤ་གཅོད་ནུས་ཆེ་རུ་བཏང་ནས་གཙོ་གནད་ས་ཁུལ་དང་། ཀུན་གྱིས་དོ་སྣང་བྱེད་པའི་ལམ་ཐིག འཚང་ཁ་ཆེ་བའི་དུས་མཚམས་བཅས་ཀྱི་སྐྱེལ་འདྲེན་ནུས་པ་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དཔྱིད་གསར་སྐྱེལ་འདྲེན་ལས་དོན་ཡག་པོ་སྒྲུབ་པར་སྤྱི་འདོམས་བྱས་ཏེ། མང་ཚོགས་ཀྱི་འགྲུལ་བཞུད་དགོས་མཁོ་སྐོང་གང་ཐུབ་བྱེད་དགོས། དུས་ཆེན་དང་གུང་གསེང་གལ་ཆེན་རིང་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ལ་འགྲོ་སྐྱོད་འགྲོ་གྲོན་མི་བསྡུ་བའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ནས་འགྲོ་ལམ་བཤངས་པ་དང་ཤར་གཏོང་ཐུབ་པར་ཤུགས་སྣོན་རྒྱག་པ་དང་། གློག་གསོག་པ་དང་། སྣུམ་བླུག་པ། ཁ་ལག་ཟ་བ། གསང་སྤྱོད་དུ་སྐྱོད་པ་སོགས་ཀྱི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་དགོས། ལས་མི་དང་། སློབ་མ། ཡུལ་སྐོར་བ་སོགས་ཀྱི་གཙོ་གནད་འགྲུལ་རྒྱུན་འགྲུལ་བཞུད་ལ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དམག་མི་དང་། དངོས་ཞབས་དམག་མི་དང་དམག་ཞབས་ཐིམ་པའི་དམག་མི་དབང་པོ་སྐྱོན་ཅན། མེ་གསོད་རོགས་སྐྱོབ་པ། སྔོན་གཤེགས་དཔའ་བོའི་ནང་མི་སོགས་གཙོ་གནད་ཚོགས་སྤྱི་འགྲུལ་བཞུད་བྱེད་སྐབས་ཁྲིམས་བཞིན་སྔོན་དུ་གཏོང་བ་དང་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ནན་པོ་བྱེད་དགོས། འཕྲལ་སྡོམ་སྔོན་ཇུས་ལེགས་སུ་དང་འཐུས་སྒོ་ཚང་དུ་བཏང་ནས་གནམ་གཤིས་ངན་པ་དང་། འགྲུལ་པ་ལུས་པ། ལས་འཛོལ་ཚབས་ཆེན་སོགས་ཐོལ་བྱུང་གནས་ཚུལ་ལ་ཁ་གཏད་ནུས་ལྡན་གཅོག་དགོས། མྱུར་བགྲོད་གཞུང་ལམ་དང་ཟམ་པ། ཕུག་ལམ་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་གཏིང་ཟབ་བྱས་ནས། ཆང་བཏུངས་འཁོར་གཏོང་དང་ར་བཟི་འཁོར་གཏོང་དང་། “ཚད་ལས་བརྒལ་བ་གསུམ་དང་ངལ་དུབ་གཅིག” ཁྲིམས་འགལ་གྱི་སྐྱེལ་འདྲེན་ལས་གཉེར། གྲོང་གསེབ་ཀྱི“ཁྲིམས་འགལ་གཉིས”སོགས་ཀྱི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་སྟེ། འགྲུལ་བཞུད་བདེ་འཇགས་ཡོང་བར་འགན་ལེན་བྱེད་དགོས།
ལྔ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ནན་དུ་གཏོང་བ་དང་ལྟ་འདོམས་ལམ་ལུགས་ཁག་དོན་འཁྱོལ་ནན་པོ་བྱས་ནས། འགན་འཁྲི་དོན་འཁྱོལ་གནད་ལ་མི་འཁེལ་བ་དང་། བདེ་འཇགས་ཞིབ་བཤེར་ཡག་པོ་མི་བྱེད་པ། དག་ཐེར་བཅོས་སྒྲིག་ཡག་པོ་མི་བྱེད་པ་སོགས་ཀྱི་སྣང་ཚུལ་དུས་ཐོག་ཏུ་ཡོ་བསྲང་དང་བཅོས་སྒྲིག་བྱས་ཏེ། ལས་འཛོལ་ཚབས་ཆེན་སྔོན་འགོག་དང་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། སྡོད་ཁང་རྙིང་པ་དང་། ཐོག་བརྩེགས་ཁང་ཆེན། སློབ་ཕྱིའི་གསོ་སྦྱོང་། ཡུལ་སྐོར་བྱེད་མང་བའི་མཛེས་ལྗོངས་ཁུལ། ཚོང་ར་དང་ཁྲོམ་ར། མགྲོན་ཁང་དང་དམངས་སྲོལ་གནས་ཚང་། ཟ་ཁང་དང་གསོལ་མགྲོན་ཁང་། རྒན་གསོའི་སྒྲིག་གཞི། བཟོ་ཁང་དང་མཛོད་ཁང་སོགས་གཙོ་གནད་ས་ཆར་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས། ཤོག་སྦག་དང་། གཏེར་རི། སོལ་རླངས། ཨར་ལས། རྫས་འགྱུར་བཟོ་ལས་ཐོན་སྐྱེད། ཉ་ལས་གྲུ་གཟིངས་སོགས་ལས་རིགས་ཁྱབ་ཁོངས་སུ་ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་གཏིང་ཟབ་བྱེད་དགོས།
དྲུག སྤྱི་ཚོགས་སྤྱི་ཡོངས་ཀྱི་བརྟན་ལྷིང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང” མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ནས། འགལ་ཟླ་དང་རྩོད་གཞི་དང་ཉེན་ཁའི་མངོན་མེད་རྐྱེན་ངན་སྣ་ཚོགས་ལ་ལེབ་བཤེར་བྱེད་པ་དང་། འགོ་ཁྲིད་ལས་བྱེད་པས་རེ་ཞུ་དང་ལེན་དང་གཤམ་སྐྱོད་བཅར་འདྲི་བྱེད་ཤུགས་ཆེ་རུ་གཏོང་བ། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་ནུས་པ་གང་ལེགས་འདོན་པ་བཅས་བྱས་ཏེ། བརྟན་ལྷིང་མེད་པའི་རྒྱུ་རྐྱེན་སྣ་ཚོགས་ཐོན་བཟོ་ཡོད་པའི་ས་ནས་ཐག་གཅོད་དང་གཞི་རིམ་གྱི་འཐབ་ས་དང་པོ་ནས་སེལ་ཐུབ་པ་བྱེད་དགོས། “རྐུ་འཕྲོག་ཁ་བསླུས”དང་། “འཆལ་རྒྱན་དུག་གསུམ” “ཟས་རིགས་དང་། སྨན་རྫས། ཁོར་ཡུག”སོགས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་ཁྲིམས་བཞིན་རྡུང་རྡེག་ཚ་ནན་གཏོང་དགོས། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དང་ཁུག་ཀྱོག་ཁུལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་ཏེ། འདུ་འཛི་ཆེ་བའི་ཚོང་ར་དང་། ཡུལ་སྐོར་མཛེས་ལྗོངས་ཁུལ། སྤྱི་སྤྱོད་རླངས་འཁོར་དང་ས་འོག་མེ་འཁོར། རླངས་འཁོར་འབབ་ཚུགས་དང་གནམ་ཐང་། སློབ་གྲྭ་དང་སྨན་ཁང་། སྤྱི་གླིང་དང་ཐང་ཆེན་སོགས་མི་ཚོགས་ཆེ་སར་བདེ་འཇགས་འགོག་ཟོན་བྱེད་ཤུགས་ཆེ་རུ་བཏང་ནས་མེ་མདའ་དང་མདེའུ་དང་། འབར་རྫས། དོ་དམ་བྱེད་ཁོངས་སུ་ཚུད་པའི་གྲི་སོགས་གཙོ་གནད་དངོས་པོར་བདེ་འཇགས་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས།
བདུན། “སྤྱོད་ཚུལ་བཞི”རྒྱུན་མཐུད་ཡོ་བསྲང་བཅོས་སྒྲིག་བྱས་ནས་དར་སྲོལ་གསར་པ་འཛུགས་དགོས། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས་ཁྱིམ་ཚང་སློབ་གསོ་དང་ཁྱིམ་སྲོལ་ནན་དུ་གཏོང་བ་དང་། གྲོན་ཆུང་བསྲི་ཚགས་དར་སྤེལ་གཏོང་བ། གོམས་སྲོལ་ངན་པ་སྒྱུར་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སློང་རྟེན་མཐོ་པོ་དང་། ངོ་སོ་བསྡུར་རེས། གསོན་པོ་བདག་མེད་དང་གཤིན་པོ་རྒྱས་སྤྲོས་སོགས་ཀྱི་གོམས་སྲོལ་ངན་པ་བཀག་འགོག་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས། ལོ་གསར་དང་དུས་ཆེན་གྱི་འགག་རྩའི་དུས་མཚམས་ལ་དམ་པོར་དམིགས་ཏེ་སྒྲིག་འགལ་བཟའ་བཏུང་དང་། སྒྲིག་འགལ་ངང་ལག་རྟགས་དང་འབུལ་རྟེན་སྤྲོད་ལེན་བྱེད་པ། སྒྲིག་འགལ་ངང་གཉེན་སྒྲིག་དང་འདས་པོར་རྗེས་འཇུག་བྱེད་པར་ཁ་གཡར་ནས་རྒྱུ་ནོར་གཡོ་ལེན་བྱེད་པ་སོགས་ཀྱི་གནད་དོན་ལ་ཞིབ་བཤེར་ནན་པོ་བྱེད་པ་དང་། ངན་རུལ་མཉམ་བཤེར་མཉམ་བཅོས་བྱེད་ཟབ་ཏུ་བཏང་ནས། ཚུལ་མིན་སྤྱོད་ཚུལ་བསྐྱར་ལོག་མི་ཐེབས་པ་བྱེད་དགོས། ཏང་སྲིད་ལས་ཁུངས་ཀྱིས་ཟ་མཁས་འཐུང་མཁས་བྱེད་དགོས་པའི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ནས་རྒྱས་སྤྲོས་འཕྲོ་བརླག་འགོག་ཟོན་ནན་པོ་བྱེད་དགོས། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་ནས། དོན་འཁྱོལ་ལ་དམ་འཛིན་བྱེད་སྐབས་ཁྲལ་སེལ་སླ་བཅོས་དང་། གྲངས་གཞི་སྙན་ཞུ་བྱེད་སྐབས་མི་བདེན་རྫུན་སྒྲིག ཞིབ་བཤེར་རྩིས་ལེན་བྱེད་སྐབས་ཕྱི་ཚུལ་ཙམ་བྱེད་པ་སོགས་ཀྱི་གནད་དོན་ཡོ་བསྲང་བཅོས་སྒྲིག་ཤུགས་ཆེན་བྱེད་དགོས། ཡིག་ཆ་དང་ཚོགས་འདུ་མང་ཡང་ཕན་འབྲས་ཞན་པ་དང་། ལས་ཀར་ཕྱོགས་སྡོམ་དང་སྐུལ་འདེད་གཏོང་བར་ཁ་གཡར་ནས་རང་དགར་གཞི་རིམ་ལ་ལས་འགན་བཀོད་སྒྲིག་བྱེད་པ། གོང་རིམ་སྡེ་ཚན་མང་པོས་དཔྱད་གཞིའི་ཡིག་ཆ་ཡང་ཡང་ལེན་པ། ལྟ་བཤེར་ཞིབ་བཤེར་དཔྱད་ཞིབ་དང་བརྟག་དཔྱད་མང་དྲགས་པ་སོགས་ཀྱི་སྣང་ཚུལ་བཅོས་སྒྲིག་མཐའ་གཅིག་ཏུ་བྱས་ནས། གཞི་རིམ་གྱི་ཁུར་པོ་ལྕི་རུ་མི་འགྲོ་བ་བྱེད་དགོས། ཏང་ཡོན་དང་ལས་བྱེད་པས་ཏང་གི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་རང་རྟོགས་ངང་དར་སྤེལ་བཏང་ནས། དམིགས་བསལ་དབང་ཆའི་བསམ་བློ་དང་དམིགས་བསལ་དབང་ཆའི་སྣང་ཚུལ་ལ་ངོ་རྒོལ་བྱས་ཏེ། ཏང་སྲོལ་བཟང་པོར་བརྟེན་ནས་སྤྱི་ཚོགས་ཀྱི་དར་སྲོལ་དང་དམངས་སྲོལ་དགེ་བརྩོན་ཡར་ཐོན་ཡོང་བར་སྣེ་ཁྲིད་བྱེད་དགོས།
བརྒྱད། ལས་རེས་འཕྲལ་སྡོམ་ལས་དོན་ནན་ཏན་སྒྲུབ་དགོས། ཆུ་ཚོད་24རིང་གི་ཆེད་བསྐོས་མི་སྣས་ལས་རེས་བྱེད་པ་དང་འགོ་ཁྲིད་ལས་བྱེད་པས་ལས་རེས་སྣེ་ཁྲིད་དང་ཕྱིར་སྐྱོད་ཐོ་འགོད་སྙན་སེང་ཞུ་བ་སོགས་ཀྱི་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་རིམ་པ་བཞིན་འགན་འཁྲི་ནན་དུ་གཏོང་དགོས། མཐའ་ཚད་ཀྱི་བསམ་བློ་དང་ཉེན་ཁའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། ལས་རེས་མི་སྣ་ཚན་རིག་དང་མཐུན་པའི་ངང་བཀོད་སྒྲིག་བྱེད་པ། འཕྲལ་སྡོམ་སྔོན་ཇུས་ནང་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཐོལ་བྱུང་དོན་རྐྱེན་སྣ་ཚོགས་ལ་འཕྲལ་སྡོམ་ཐག་གཅོད་ཀྱི་གྲ་སྒྲིག་ཡག་པོ་བཅས་བྱས་ཏེ། ཐོལ་བྱུང་དོན་རྐྱེན་ཐོན་ཚེ་མགྱོགས་མྱུར་བྱ་སྤྱོད་སྤེལ་བ་དང་ནུས་ཆེ་དང་གོ་རིམ་ལྡན་པའི་སྒོ་ནས་ཐག་གཅོད་ཐུབ་པར་འགན་ལེན་བྱེད་དགོས། མང་ཚོགས་ལ་ཐད་ཀར་ཞབས་འདེགས་ཞུ་མཁན་ཚན་པས་དུས་ཆེན་རིང་གི་ལས་རེས་ལས་སྒྲུབ་བཀོད་སྒྲིག་ལུགས་མཐུན་བྱས་ཏེ། ཞབས་ཞུའི་སྤུས་ཚད་ལ་འགན་ལེན་བྱེད་དགོས་ལ། ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན་ཡང་མི་ཐོན་པ་བྱེད་དགོས། དགོངས་སྐོར་སྙན་སེང་ཞུ་བའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ནས་སྙན་སེང་འགྱངས་ཞུ་དང་། ཆད་ཞུ། རྫུན་ཞུ། སྐུང་ཞུ་བཅས་ཀྱི་རིགས་ཐོན་རྒྱུ་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས།
ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ། གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་གི་ལས་དོན་ཁག་བཀོད་སྒྲིག་དང་དོན་འཁྱོལ་ནན་ཏན་བྱས་ནས་བརྡ་ཐོ་འདིའི་དགོངས་དོན་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།