དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གཡུ་ལོ་ཐགས་སུ་བཀྲ་བའི་མཛེས་རིས་བཀོད། སྐྱེ་ཁམས་བཟང་པོས་དམངས་ལ་ཕན་པ་བསྐྲུན།

    ——“རི་གཉིས”ཀྱི་འདུ་ཤེས་བརྟན་པོར་བཙུགས་ནས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བཏོད་པའི་མུ་འབྲེལ་འཕྲིན་སྤེལ་བོད་ཀྱི་ལེའུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-24

    གོང་གི་པར་ནི་ལྷ་ས་སྐྱིད་ཆུའི་མཛེས་ལྗོངས་ཡིན་པ། (2025ལོའི་ཟླ་7ཚེས་30ཉིན་བརྒྱབ་པའི་པར)

    མཚོ་བོད་ས་མཐོ་ནི་འཛམ་གླིང་གི་ཡང་རྩེ་དང་ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག་ཡིན་ལ། རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་གལ་ཆེན་ཞིག་ཀྱང་ཡིན།

    མཚོ་བོད་ས་མཐོའི་གཙོ་གཞི་ཡིན་པ་དེའི་སྲོག་ཆགས་དང་རྩྭ་རྩི་ཤིང་དང་། འཁྱགས་རོམ་དང་འདམ་ར་ནི་གངས་ལྗོངས་ས་མཐོའི་གསོན་ཤུགས་ཀྱི་རང་མདངས་ཡིན་པ་མ་ཟད། ད་དུང་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ལ་དེ་བས་ཀྱང་འབྲེལ་བ་ཆེན་པོ་ཡོད།

    མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱ་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་ཐུགས་ལ་འཆང་བའི“རྒྱལ་ཁབ་ཀྱི་དོན་ཆེན”ཞིག་རེད།

    བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”འདུ་ཤེས་མཐའ་འཁྱོངས་ཀྱིས། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་མཐའ་འཁྱོངས་བྱས་ཏེ། གངས་ལྗོངས་ས་མཐོའི་སྲོག་ཆགས་དང་རྩྭ་རྩི་ཤིང་དང་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཧུར་ཐག་བྱས་ཡོད། མིག་སྔར་བོད་ནི་སྔར་བཞིན་འཛམ་གླིང་ཐོག་གི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཆེས་ཡག་པའི་ས་ཁུལ་གྱི་གྲས་ཤིག་རེད།

    “སྲུང་སྐྱོང་ཨང་དང་པོར་འཇོག་པའི”རང་རྟོགས་དང་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལས། བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ལམ་བུ་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་བརྟན་དུ་དང་རྒྱ་ཆེར་ཕྱིན་ཡོད།

    “འཚོ་གནས་དོན་གཉེར”ནས“སྐྱེ་ཁམས་དོན་གཉེར”བར།

    བོད་ལྗོངས་ཉིང་ཁྲིའི་ཀ་ལ་གྲོང་ཚོར“ཁམ་བུའི་མེ་ཏོག་གྲོང་ཚོ”ཞེས་སུ་གྲགས། ལོ་རེའི་དཔྱིད་ཀ་ཤར་རིམ་བཞིན་རི་སྐྱེས་ཁམ་སྡོང་ཆིག་སྟོང་ལྷག་ཙམ་ལ་མེ་ཏོག་ཁྲ་ཆིལ་ལེར་བཞད་ནས་ལྟ་བས་མི་ངོམས་པ་ཞིག་ཡོད། 2025ལོའི་ཟླ་6པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀ་ལ་གྲོང་ཚོར་འཕྲིན་ལན་སྤྲིངས་གནང་ནས་ཡུལ་མི་ཚོར“གངས་ལྗོངས་ས་མཐོའི་རང་བྱུང་མཛེས་ལྗོངས་ལ་སྲུང་སྐྱོང་ཡག་པོ་བྱས་ཏེ‘ཁམ་བུའི་མེ་ཏོག་གྲོང་ཚོའི’སྤུས་རྟགས་དེ་བས་ལེགས་པར་གཏོད་དགོས་པའི”བཀའ་མངགས་གནང་བ་དེས་གྲོང་ཚོ་ཡོངས་ཀྱི་ཡུལ་མི་རྣམས་ལ་སྐུལ་ལྕག་ཆེན་པོ་ཐེབས་པ་དང་སེམས་ཤུགས་དེ་བས་ཆེ་རུ་ཕྱིན་ཡོད།

    ལོ་20ལྷག་ཙམ་གྱི་གོང་དུ་ས་ཆ་དེའི་རྣམ་པ་ནི་དེང་སང་དང་ཡེ་ནས་མི་འདྲ། དུད་ཚང་30ལྷག་ཙམ་རི་སུལ་དུ་ཁ་ཐོར་ནས་འཚོ་སྡོད་བྱེད་པ་དང་། ཤིང་གཅོད་པ་དང་། ཕྱུགས་འཚོ་བ། ཞིང་འདེབས་པ་བཅས་ཁོ་ནར་བརྟེན་ནས་འཚོ་ཐབས་བྱེད་དགོས་པས་མི་རེའི་ལོའི་ཆ་སྙོམས་ཡོང་འབབ་སྒོར་2000ཡང་ཟིན་གྱི་མེད། ཁེར་རྐྱང་དང་རགས་ལས་ཀྱི་ཐོན་སྐྱེད་བྱེད་སྟངས་ལས་སྐྱེ་ཁམས་ལ་གཏོར་སྐྱོན་ཚབས་ཆེན་ཕོག་ནས་རང་བྱུང་གནོད་འཚེ་ཡང་སེ་ཐོན་གྱི་ཡོད། སྐབས་དེ་དུས་ཀྱི་ཁམ་བུའི་མེ་ཏོག་ནི་རི་སྟེང་གི་མཛེས་ལྗོངས་ཙམ་ལས་མ་འདས།

    དུས་རབས་གོང་མའི་ལོ་རབས་70པར་བྱང་ཐང་ལྷོ་རྒྱུད་ཀྱི་མི་འབོར་དང་སྒོ་ཕྱུགས་ཀྱི་གྲངས་འབོར་མགྱོགས་མྱུར་འཕར་ནས་འབྲོག་པ་ཁག་གཅིག་བྱང་ཐང་དབུས་ཀྱི་མི་མེད་ལུང་སྟོང་དུ་སྤོས་ཡོད། མི་དང་རི་སྐྱེས་སྲོག་ཆགས་དབར་གདོང་ཐུག་ཡང་ཡང་བྱུང་བ་དང་རྩྭ་ཕྱུགས་ཀྱི་འགལ་བ་ཡང་ཉིན་རེ་ལས་མ་འདས་པར་མངོན་གསལ་དོད་དུ་སོང་ཡོད།

    བོད་ཀྱི་རིན་ཐང་ཆེ་ཤོས་ནི་སྐྱེ་ཁམས་ཡིན་པ་དང་། འགན་འཁྲི་ལྕི་ཤོས་སྐྱེ་ཁམས་ཡིན་ལ། མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ཀྱང་སྐྱེ་ཁམས་ལ་ཡོད།

    ཀ་ལ་གྲོང་ཚོས་བོད་སྐྱོར་སྟོབས་ཤུགས་ལ་བརྟེན་ནས“གྲོང་ཚོ་ཧྲིལ་པོར་སྐུལ་འདེད་གཏོང་བ་དང་གྲོང་ཚོ་དང་མཛེས་ལྗོངས་གཅིག་སྒྲིལ”གྱི་བསམ་ཕྱོགས་ལ་བརྟེན་ནས་ཁམ་བུའི་མེ་ཏོག་གླིང་གཅིག་གྱུར་གཉེར་སྐྱོང་བྱས་ཏེ“ཁམ་བུའི་མེ་ཏོག་དུས་ཆེན”གྲོང་ཁྱེར་རིམ་པའི་རིག་གནས་སྤུས་རྟགས་སུ་རིམ་སྤོར་བྱས་ཡོད། ཡུལ་མིས་ས་ཞིང་མ་རྐང་ནང་བཞག་ནས་ཡུལ་སྐོར་མཉམ་ལས་ཁང་བཙུགས་ཏེ་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ཡོད།

    ད་ཆ་ཀ་ལ་གྲོང་ཚོར་མཚོན་ན། སྐྱེ་ཁམས་སྲུང་སྐྱོང་བྱ་རྒྱུ་དེ་སྔ་ས་ནས་འཕེལ་རྒྱས་ཀྱི་རྨང་གཞིར་གྱུར་ཟིན། སྐྱེ་ཁམས་དམར་ཐིག་གཏན་འཁེལ་དང་ཆེད་བསྐོས་ནགས་སྲུང་དཔུང་ཁག་བཙུགས་ནས་ལོ་ལྟར་ཤིང་འཛུགས་ནགས་བཟོའི་བྱེད་སྒོ་སྤེལ་ཏེ། “ཁམ་བུའི་མེ་ཏོག་གྲོང་ཚོའི”མཛེས་སྡུག་ལྡན་པའི་ཉམས་འགྱུར་མངོན་པ་དང་དུས་མཚུངས་ཐོན་ལས་འཁོར་འབྲེལ་སྣུར་སྲིང་བྱས་ནས། “ཁམ་བུའི་མེ་ཏོག་དཔལ་འབྱོར”དེ“དུས་བཞིའི་དཔལ་འབྱོར”ཕྱོགས་སུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད།

    2018ལོའི་ཟླ་6པར་བོད་ཀྱིས་ས་བབ་ཧ་ཅང་མཐོ་བའི་སྐྱེ་ཁམས་གནས་སྤོའི་རྣམ་གྲངས་ལག་བསྟར་གྱིས་མི་འཐེན་རྩྭ་གསོ་བྱས་རྗེས། རང་བྱུང་སྲུང་སྐྱོང་ཁུལ་གཙོ་བོར་བྱེད་པའི་རང་བྱུང་ཐོན་ཁུངས་སྲུང་སྐྱོང་མ་ལག་རིམ་བཞིན་ཆགས་པ་དང་། རྩ་ཆེ་ལ་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་རྩྭ་རྩི་ཤིང་གི་རིགས་དང་དཔེ་མཚོན་སྐྱེ་ཁམས་མ་ལག་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད།

    ལྗོངས་ཡོངས་ལ་བལྟས་ཚེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཟམ་མི་ཆད་པར་སྐུལ་འདེད་བཏང་བ་དང་ཆབས་ཅིག་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་འབྲེལ་ཡོད་སྲིད་ཇུས་དང་ཁྲིམས་སྲོལ་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་ནས་སྐྱེ་ཁམས་ཤེས་དཔལ་ལམ་ལུགས་ཀྱི་མ་ལག་རིམ་བཞིན་འཐུས་སྒོ་ཚང་དུ་སོང་ཡོད།

    གཞིས་རྩེ་དང་། ལྷ་ས། ལྷོ་ཁ། ཉིང་ཁྲི་བཅས་གྲོང་ཁྱེར་བཞིའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་མཉམ་དུ་ཡར་ཀླུང་གཙང་པོའི་སྲུང་སྐྱོང་སྲོལ་ཡིག་བཟོས་ནས་གྲོང་ཁྱེར་དང་ས་ཁུལ་བདུན་གྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་བཙུགས་པ་མ་ཟད། དེར་རྒྱུན་གཏན་གྱི་ལྟ་ཞིབ་ཚད་ལེན་གྱི་ནུས་པ་ལྡན་པས། ལྗོངས་ཡོངས་སུ་ཁྱབ་པའི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་དྲ་བ་ཞིག་རགས་ཙམ་ཆགས་ཡོད་པ་རེད།

    སྐྱ་ཐེར་ཐེར་གྱི་རི་བོ་ནས་གཡུ་ལོའི་གོས་བཟང་བཀླུབས་པའི་བར།

    དགུན་དུས་ཀྱི་ལྷ་སའི་ལྷོ་རིའི་སྤྱི་གླིང་གི་གང་སར་མདའ་ལྟར་འདྲོང་བའི་ཐང་ཤིང་སྔོ་ཐིང་ངེར་གནས། དལ་བུར་རི་རྩེར་འཛེགས་ནས་ལྷ་སའི་རྣམ་པ་ཧྲིལ་པོར་རྒྱང་ལྟ་བྱེད་སྐབས། ལྟ་བས་ཆོག་མི་ཤེས་པའི་ཡུལ་ལྗོངས་འདྲེན་བྱེད་ལམ་དུ་འཆར།

    འོན་ཀྱང་ལོ་བཅུ་ཡི་གོང་དུ་དེ་གར་ནི་རྩྭ་རྩི་ཤིང་ཉུང་བའི་སྐྱ་ཐེར་ཐེར་གྱི་རི་བོ་ཞིག་ཡིན་པ་སུའི་བློ་ཡུལ་དུའང་འཆར་དཀའ།

    དུས་འགོའི་ཚོད་ལྟའི་ལས་དོན་གྱི་རྨང་གཞིའི་སྒང་ལ་2021ལོར་བོད་ཀྱིས“འཇིག་རྟེན་གསར་པ་ཞིག་ལ་སྒྱུར་ཕོད་པའི”སེམས་ཤུགས་ལ་བརྟེན་ནས་བོད་དུ་གཞི་ཁྱོན་ཆེ་ཤོས་ཀྱི་ནགས་བཟོ་ནགས་སྐྱོང་གི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ལག་ལེན་བསྟར་ཡོད།

    ལས་གྲྭ་དེས་ལྷ་སའི་སྐྱིད་ཆུ་གཙོ་རྐང་དུ་བྱས་ཏེ་ཤར་ནུབ་ཏུ་སྤྱི་ལེ་200སྣུར་སྲིང་བྱས་པ་དེ་ལྷ་ས་དང་ལྷོ་ཁའི་རྫོང་དང་ཆུས་9ཡི་ཤང་དང་གྲོང་རྡལ་35ལ་ཁྱབ་ཡོད།

    ལྷོ་རི་བྱང་རིའི་ལས་གྲྭ་འཛུགས་སྐྲུན་ཁུལ་ནི་བོད་ཀྱི་མི་འབོར་མང་ཤོས་ཀྱི་ས་ཁོངས་ཡིན་པས། དེ་གའི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མཐོ་རུ་བཏང་ཚེ། མི་ཁྲི་100ལྷག་ཙམ་གྱི་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོ་སྐོང་ཐུབ།

    ས་མཐོར་གནམ་གཤིས་གྲང་ཞིང་ས་རྒྱུ་ཞན་པ་དང་ལོར་ཆར་ཆུ་འབབ་ཚད་ལས་རླངས་པར་འགྱུར་ཚད་ལྡབ་འགྱུར་གྱིས་མང་། འགྲོ་ལམ་བདེ་པོ་མེད་པས་སྡོང་ཕྲུག་ཚང་མ་མི་དང་ཕྱུགས་ཟོག་གིས་དབོར་དགོས་ཀྱི་ཡོད། ཆུ་གློག་སྒྲིག་ཆས་ཁ་ཐང་བས་ལས་གྲྭར་སྐུལ་འདེད་གཏོང་བར་དཀའ་ངལ་མང་པོ་འཕྲད་ཡོད།

    དཀའ་ཉེན་སྣ་ཚོགས་འཕྲད་གྱུར་ཀྱང་། དཀའ་སྤྱད་ཁུར་དུ་བཟོད་དེ་རྨད།

    ཐང་ཤིང་དང་རྒྱལ་རྩེའི་གླ་ཚེར་སོགས་འདེབས་རྒྱུར་འཚམ་པའི་ཤིང་སྣ་འདེམས་སྒྲུག་བརྒྱབ་རྗེས་མི་མེད་གནམ་གྲུས་སྡོང་ཕྲུག་དབོར་འདྲེན་དང་རིག་ནུས་ཀྱི་ཆུ་གཏོང་སོགས་ཀྱི་ལག་རྩལ་ཁྱབ་གདལ་བཏང་རྗེས་སྡོང་ཕྲུག་སྐྱེ་འཚར་ཐུབ་ཚད་85%ཡན་ཟིན་ཡོད།

    ལོ་བཞི་ཡི་རིང་སྡོང་ཕྲུག་དུང་ཕྱུར་1.2ལྷག་བཏབ་ནས་མུའུ་ཁྲི་100ཟིན་པའི་ཐང་རྒོད་ལ་སྔོ་ལྗང་གོས་བཟང་བཀླུབས་པ་དང་། གཡུ་ལོ་ཐགས་སུ་བཀྲ་བའི་རི་ཀླུང་ཀུན་གྱིས་རྒྱལ་ཡོངས་ལ་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་ལེགས་གྲུབ་ལྡན་པའི་ཉམས་མྱོང་ངོམས་པ་དང་འདྲ།

    ད་ཆ་སྐྱེ་ཁམས་ཀྱི་ངོ་མཚར་འདི་འདྲ་བ་གངས་ལྗོངས་ས་མཐོའི་ཕྱོགས་མཚམས་ཀུན་ཏུ་མཐོང་ཆོས་སུ་གྱུར་ཡོད།

    “གཙང་པོ་གཉིས་དང་ཆུ་བོ་བཞི”ཡི་ནགས་བཟོ་སྔོ་འགྱུར་ལས་གྲྭས་དེ་སྔའི་ཐང་རྒོད་དུ“ཡུག་གཅིག་ཏུ་སྦྲེལ་བའི་ནགས་དང་། གྲུ་བཞི་ཤོ་འདྲ་བའི་ཞིང་། པ་ཊའི་རིས་དང་མཚུངས་པའི་ལམ། གཅིག་ལ་གཅིག་མཐུད་ཀྱི་ཡུར་བུ”བཅས་ཀྱི་རྣམ་པ་གསར་པ་ཞིག་མངོན་ཡོད།

    གྲངས་གཞི་ཡིས་ཕན་འབྲས་དངོས་ལ་བདེན་དཔང་བྱེད་ཐུབ་ཅིང་། 2021ལོ་ནས་2024ལོ་བར་བོད་ཀྱིས་རིམ་རྩིས་བརྒྱབ་ན་ཞན་འགྱུར་རྩྭ་ཐང་གི་སྐྱེ་ཁམས་སླར་གསོ་བྱེད་ཚད་མུའུ་ཁྲི་2518.73ལྷག་ཟིན་པ་དང་། བྱི་བ་དང་། ནད་འབུ། དུག་རྩྭ་བཅས་མུའུ་ཁྲི་727.96བཅོས་སྒྲིག་བྱས་པ། བྱེ་འགྱུར་ས་ཞིང་མུའུ་ཁྲི་248བཅོས་སྒྲིག་བྱས་པ། ས་ཆུ་ཤོར་བའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་1387.21བཅོས་སྒྲིག་བྱས་ཡོད།

    རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་བརྟན་ཐོག་ཡར་འཕེལ་བྱུང་བ་དང་། ནགས་ཚལ་ཁེབས་ཚད་12.54%བར་མང་དུ་ཕྱིན་པ། འདམ་ར་སྲུང་སྐྱོང་བྱེད་ཚད་68.75%ལ་བརྟན་པོ་གནས་པ། གཙང་པོ་དང་མཚོ་མོ་སྐྱོན་མེད་དུ་གནས་ཚད་100%ཟིན་པ། ཡར་ཀླུང་གཙང་པོ་དང་རྒྱལ་མོ་རྔུལ་ཆུ་སོགས་ཆུ་བོ་གཙོ་བོ་དང་དེ་བཞིན་གྲོང་ཁྱེར་དང་གྲོང་རྡལ་གལ་ཆེན་བརྒྱུད་པའི་ཆུ་རྒྱུན་གྱི་ཆུའི་སྤུས་ཚད་ཚང་མ་རིམ་པ་Ⅱཡི་ཚད་གཞིར་སླེབས་པ། རྩ་ཆེའི་རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་སླར་གསོ་རང་བཞིན་གྱི་འཕར་སྣོན་བྱུང་ཡོད།

    ལྗོངས་ཡོངས་སུ་རང་བྱུང་སྲུང་སྐྱོང་ཁུལ་97བཙུགས་པ་དང་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་50%ཡན་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ནང་བཅུག་སྟེ། རྒྱལ་ཁབ་སྤྱི་གླིང་གིས་གཙོ་བོ་དང་། སྲུང་སྐྱོང་ཁུལ་གྱིས་རྨང་གཞི། རང་བྱུང་སྤྱི་གླིང་སྣ་ཚོགས་ཀྱིས་ཁ་གསབ་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་གསར་པ་རགས་ཙམ་ཆགས་ཡོད།

    ད་ཆ་བོད་དུ“ལྗང་མདོག་གི་ས་ཁོངས”རྒྱུན་མཐུད་རྒྱ་ཆེར་ཕྱིན་ནས་སྐྱེ་ཁམས་ཀྱི་སྙུགས་ཤེད་ཉིན་རེ་བཞིན་ཆེ་རུ་འགྲོ་བཞིན་ཡོད།

    “སྐྱེ་ཁམས་ཀྱི་ལེགས་ཆ”ནས“འཕེལ་རྒྱས་ཀྱི་ལེགས་ཆའི”བར།

    རི་སྔོན་ཆུ་དྭངས་ནི་རང་བྱུང་གི་རྒྱུ་ནོར་དང་སྐྱེ་ཁམས་ཀྱི་རྒྱུ་ནོར་ཡིན་ལ། སྤྱི་ཚོགས་ཀྱི་རྒྱུ་ནོར་དང་དཔལ་འབྱོར་གྱི་རྒྱུ་ནོར་ཡང་ཡིན།

    ད་ལོའི་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང“སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་སྔོ་ཞིང་དྭངས་བའི་རི་ཆུ་ཀླུང་གསུམ་གྱི་མཛེས་སྡུག་དེ་གསེར་རི་དངུལ་རིའི་རིན་ཐང་དུ་རྒྱུན་ཆད་མེད་པར་འགྱུར་བ་བྱེད་དགོས”ཞེས་བཏོན་ཡོད།

    བོད་ནི་རྒྱལ་ཁབ་ཀྱི་དྭངས་གཙང་ནུས་རྒྱུའི་རྟེན་གཞི་གལ་ཆེན་ཞིག་ཡིན་ཞིང་། ཆུ་ནུས་དང་། རླུང་ནུས། ཉི་ནུས་བཅས་ཀྱི་ཐོན་ཁུངས་དམིགས་བསལ་ཆེ་བས་གསར་སྤེལ་གྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན།

    དགེ་མཚན་དེར་གཞི་ཚུགས་ཏེ་བོད་ཀྱིས་ནུས་རྒྱུ་གསར་པ་གཙོ་ཁྲིད་དུ་བྱས་པའི་དྭངས་གཙང་ནུས་རྒྱུའི་མ་ལག་བཙུགས་ནས་སྐྱེ་ཁམས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་བའི་འགག་རྩའི་ཐབས་ལམ་བཏོད་ཡོད།

    ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་གི་ཡར་ཀླུང་གཙང་པོ་རྒྱུག་ཁུལ་དུ་གནས་པའི་ཟངས་རིའི་འོད་ཤུགས་གློག་ཁང་དུ་ས་ཞིང་མུའུ་700ཡི་སར་འོད་ཤུགས་ཤེལ་ལེབ་ཁྲི་6.1གྲལ་བསྟར་འགྲིག་པོས་སྒྲིག་སྦྱོར་བྱས་ཡོད་ཅིང་། ལོར་ཆ་སྙོམས་འོད་ཟེར་འཕྲོ་ཚད་ཆུ་ཚོད་3000ལྷག་ཟིན་པའི་ས་མཐོའི་ཉི་འོད་འོག་ཏུ་ཤེལ་ལེབ་དེ་དག་རླབས་ཕྲེང་ཆལ་ཆིལ་དུ་གཡོ་བའི“མཐིང་མདོག་གི་རྒྱ་མཚོ”དང་གཉིས་སུ་མ་མཆིས།

    ཁྲོན་བོད་གློག་དྲ་སྦྲེལ་མཐུད་ལས་གྲྭར་བརྟེན་ནས་འདི་གའི་ལྗང་གློག་ཧའོ་མེའོ་7ལས་མ་འགོར་བར་སྤྱི་ལེ་2000ཡིས་ཆོད་པའི་ཁྲེང་ཏུའུ་རུ་སྐྱེལ་ཐུབ། སྒང་ནས་གློག་གཏོང་བ་དང་འོག་ཏུ་རྩྭ་འདེབས་པའི“འབྲོག་ལས་དང་འོད་ཤུགས་གསབ་རེས”ཀྱི་བྱ་ཐབས་དེས་སྐྱེ་ཁམས་ཀྱི་ཕན་འབྲས་དང་དམངས་འཚོའི་རིན་ཐང་གཉིས་ཀ་མངོན་འགྱུར་ཡོང་བར་མཐུན་རྐྱེན་སྦྱར་ཡོད།

    བོད་ཀྱི་ནུས་རྒྱུ་གཙང་མ་འཕེལ་རྒྱས་མགྱོགས་མྱུར་འགྲོ་བཞིན་ཡོད་པ་དང་། ལྗང་མདོག་སྒུལ་ནུས་རྒྱུན་མཐུད་ཁྱབ་བཞིན་ཡོད། མཚོ་བོད་དྲ་སྦྲེལ་དང་། ཁྲོན་བོད་དྲ་སྦྲེལ། བོད་དབུས་དྲ་སྦྲེལ། མངའ་རིས་དྲ་སྦྲེལ་བཅས་ཀྱི“གློག་ཤུགས་མཁའ་ལམ”4སྔ་རྗེས་སུ་བསྐྲུན་པ་དང་། དེ་བཞིན་རེས་སྐོར་གསར་པའི་གྲོང་གསེབ་གློག་དྲ་སྒྱུར་བཀོད་རིམ་སྤོར་ཐུབ་པ་དང་བསྟུན་ནས་བོད་ཀྱི་གློག་ཤུགས་འཛད་སྤྱོད་དང་དཔལ་འབྱོར་འཕེལ་རྒྱས་དེ་བས་མངོན་གསལ་དོད་དུ་ཕྱིན་ཡོད། གྲངས་གཞི་ལས་མངོན་པར། 2025ལོའི་ཟླ་བ་དང་པོ་ནས་བདུན་པའི་བར། བོད་ཀྱི་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་97.73ཟིན་པ་དེ་དུས་མཚུངས་ལས་13.33%འཕར་ཏེ། འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།

    མིག་སྔར། བོད་དུ་རྒྱུན་འཁོར་དཔལ་འབྱོར་དང་། བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུ། ཁྱད་ལྡན་ཐོན་ལས་བཅས་ཀྱི་ཁྱད་ཆོས་ལྡན་པའི་ལྗང་མདོག་འཕེལ་རྒྱས་རྣམ་པ་རགས་ཙམ་གྲུབ་ནས། བོད་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་རྒྱུན་མཐུད་ཕྱིན་ཡོད།

    སྐྱེ་ཁམས་ཀྱི་ལེགས་ཆ་ཇི་ཙམ་མངོན་གསལ་དོད་ན་དེ་ཙམ་གྱིས་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དགོས་ཤིང་། “ལྗང་མདོག”དེ་ཉིད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལྟེ་བའི་སྒུལ་ཤུགས་སུ་འགྱུར་བ་དང་། སྐྱེ་ཁམས་ཀྱི་ལེགས་ཆ་དེ་ཉིད་རྒྱུན་ཆད་མེད་པར་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་བ་བྱས་ཏེ། བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལྗང་མདོག་སྒུལ་ནུས་ཡུན་རིང་སྣོན་དགོས་པ་ལག་ལེན་ལས་ར་འཕྲོད་བྱུང་ཡོད།

    “མཛེས་སྡུག་ལྡན་པའི་སྐྱེ་ཁམས”ནས“མི་སེར་ཕྱུག་པོ་ཆགས་པའི”བར།

    རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་ནི་མཐར་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ལས་མངོན་པར་བྱེད་དགོས།

    “སྐྱེ་ཁམས”ལ་བརྟེན་ནས་འཕེལ་རྒྱས་དང་ཕྱུག་འགྱུར་མངོན་འགྱུར་ཐུབ་ཚེ། སྐྱེ་ཁམས་སྲུང་སྐྱོང་ལ་གཞི་ནས་ཡུན་རིང་གི་སྒུལ་ཤུགས་ལྡན་ཐུབ།

    རྒྱལ་ཡོངས་ཀྱི“སྐྱེ་ཁམས་ནགས་སྲུང་བ་ཡག་ཤོས”རྡོ་མགོན་གྱི་ཁྱིམ་ནི་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་ཧུང་ལ་རི་བོའི་འདབས་སུ་གནས་ཤིང་། དེ་གར་ནི་སྤྲེལ་ཁྲའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཡང་ཡིན་པས། རི་སྐོར་ནགས་སྲུང་ནི་ཁོང་གི་རྒྱུན་གཏན་གྱི་ལས་ཀ་རེད།

    ཉིན་ལྟར་ཞོགས་པའི་ཉི་ཟེར་འཕྲོ་སྐབས་ཁོང་གིས་རྩམ་པ་དང་སྐོར་སྲུང་ཡོ་བྱད་ཁྱེར་ནས་ཐོན་འགྲོ་བ་དང་། གཟར་ཚད་ཏུའུ་70ལས་བརྒལ་བའི་གཡང་གཟར་རི་ལམ་འཛེག་པ་དང་། ནགས་ཚལ་སྟུག་པོ་བརྒལ་བ། ཆུ་བོ་ཆེན་པོ་སྒྲོལ་བ་བཅས་བྱས་ཏེ། མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་ནགས་ཤིང་རྐུ་གཅོད་བྱེད་སྤྱོད་བཀག་འགོག་བྱེད་ཀྱི་ཡོད་ཅིང་། རི་སྐོར་རྒྱག་སྐབས་དོམ་འཕྲད་ཀྱང་ཞེད་སྣང་སྐྱེ་རྒྱུ་ལྟ་ཅི་རི་སྐྱེས་སྲོག་ཆགས་མང་དུ་ཕྱིན་འདུག་སྙམ་ནས་དགའ་ཚོར་ཆེན་པོ་བྱེད་ཀྱི་ཡོད།

    རི་བོ་ཁྱིམ་ལ་བརྩི་བ་དང་ནགས་ཚལ་གྲོགས་སུ་བསྟེན་པའི་དམ་བཅའ་དེས་ཧུང་ལ་རི་བོའི་སྔོ་ལྗང་གི་རང་མདངས་སྔར་ལས་གསལ་བར་གྱུར་ཡོད་ལ། རྡོ་མགོན་ཁྱིམ་དུའང་སྐྱེ་སྟོབས་ཀྱི་གསོན་ཤུགས་གསར་པ་རྒྱས་ཡོད། ཁྱིམ་མི་བཞི་པོ་སྔ་རྗེས་སུ་སྐྱེ་ཁམས་ནགས་སྲུང་ལས་གནས་སུ་བསྐྱོད་ཅིང་། སྐྱེ་ཁམས་ལས་གནས་ཁོ་ནས་ལོར་འབབ་འཕར་སྒོར་ཁྲི་1.4བྱུང་བ་དང་དེའི་ཁར་ནགས་ཁྲོད་ཤ་མོ་དང་རྨོ་སྐྱུར་ནགས་གསོ་སོགས་ཀྱི་ཡོང་འབབ་ཡོད་པས། དེ་སྔའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་དེ་མི་སྨོན་རང་སྐྱིད་ཀྱི་འཚོ་བ་ཞིག་སྐྱེལ་རྒྱུ་བྱུང་ཡོད།

    རྡོ་མགོན་གྱི་གཏམ་རྒྱུད་ནི་བོད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་དམངས་འཚོ་ལེགས་གཏོང་གི་གོམ་སྟབས་གཅིག་མཚུངས་སྤོས་པའི་བསྡུས་རིས་ཤིག་རེད།

    བོད་དུ་སྐྱེ་ཁམས་དམངས་ཕྱུག་དང་དམངས་ཕན་གྱི་ཕན་འབྲས་རྒྱུན་མཐུད་ཐོན་ཞིང་ཡོད་ཅིང་། 2021ལོ་ནས་2024ལོ་བར་བོད་ཀྱིས་རིམ་རྩིས་བརྒྱབ་ན་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་བྱ་དགའི་རོགས་དངུལ་སྒོར་དུང་ཕྱུར་122.98བཏང་ཡོད། ཀྲུང་དབྱང་ནོར་སྲིད་ཀྱི་ནགས་ཚལ་སྐྱེ་ཁམས་ཀྱི་ཕན་འབྲས་གུན་གསབ་མ་དངུལ་སྒོར་དུང་ཕྱུར་51.47བཏང་སྟེ་ཞིང་འབྲོག་མང་ཚོགས་ཁྲི་10.3ཆེད་འགན(ཞོར་འགན)འཁུར་མཁན་བྱས་ཏེ། སྤྱི་ཕན་ནགས་ཚལ་གྱི་བདག་སྐྱོང་ལས་ཀའི་ནང་ཞུགས་པར་སྐུལ་ཁྲིད་བྱས་པས་སྐྱེ་ཁམས་སྲུང་སྐྱོང་བ་ནས་སྐྱེ་ཁམས་ཀྱི་ཕན་འབྲས་ཐོབ་མཁན་ལ་གྱུར་ཡོད།

    སྲིད་ཇུས་ཀྱི་ཕན་ཁེ་ཐོབ་པ་ནས་ཐོན་ལས་ཀྱིས་མཐུན་རྐྱེན་སྦྱར་བའི་བར་ས་ཁུལ་ཁག་གིས་ཁྱད་ལྡན་ཐོན་ལས་ཀྱི་སྐྱེ་ཁམས་ཀྱི་དམིགས་བསལ་ལེགས་ཆར་གཞི་བཙུགས་ཏེ་དམངས་ཕྱུག་གི་ཐབས་ལམ་འཚོལ་ཞིབ་བྱས་ཡོད།

    རི་ཀླུང་ལ་ལྗང་མདོག་གི་གོས་བཟང་བཀླུབས་པས་དཔལ་འབྱོར་གོང་འཕེལ་གྱི་འབྲས་བཟང་སྨིན་པ་མ་ཟད། དེ་བས་འཚོ་སྡོད་ལ་འཚམ་པའི་ཁོར་ཡུག་ཆགས་ཡོད།

    གྲོང་གསེབ་དར་རྒྱས་དང་སྐྱེ་ཁམས་འཛུགས་སྐྱོང་མཉམ་འདྲེས་གཏིང་ཟབ་བྱུང་བ་དེས་ས་མཐོའི་གྲོང་གསེབ་ལ་གསོན་ཤུགས་གསར་པ་བསྣན་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་བོད་ཀྱིས་རིམ་རྩིས་བརྒྱབ་ན་ས་མཐོའི་མཛེས་མཐུན་གྲོང་གསེབ་1000བསྐྲུན་པ་དང་། ལྗོངས་ཡོངས་ཀྱི་དུད་ཚང་དུ་གསང་སྤྱོད་ཁྱབ་ཚད་དང་མི་ཕྱུགས་ལོགས་དབྱེ་བྱེད་ཚད་84%དང་98%སོ་སོར་ཟིན་ཡོད། རྩྭ་རྩི་ཤིང་གི་དྲི་ཞིམ་དང་ལྷན་དུ་ས་མཐོའི་གྲོང་གསེབ་ཀྱི་སྐྱིད་པའི་འཚོ་བའི་མཛེས་རིས་དེའང་དལ་གྱིས་མིག་ལམ་དུ་འཆར་འོང་།

    ལྗང་མདོག་འཚོ་བའི་འདུ་ཤེས་རྒྱུན་གཏན་དང་མཉམ་འདྲེས་ཐུབ་ཅིང་། ལྷ་ས་གྲོང་ཁྱེར་གྱིས་ལྗང་མདོག་ཐཱན་ཉུང་གི་འགྲིམ་འགྲུལ་མ་ལག་རྒྱུན་མཐུད་བསྐྲུན་པ་དང་བསྟུན་ནས་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་དང་། བདལ་གཏོང་རླངས་འཁོར། གློག་སྒུལ་རླངས་འཁོར་བཅས་ལྷ་སའི་ས་ཕྱོགས་གང་སར་མཐོང་རྒྱུ་ཡོད་པ་དང་། རྒྱལ་ལམ་318ཀྱི་ཁྲོན་བོད་དུམ་བུའི་གློག་གསོག་སྒྲིག་ཆས་ལམ་ཐིག་ཧྲིལ་པོར་ཁྱབ་པ། 2024ལོར་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་གསར་དུ་ལས་འགོ་ཚུགས་པའི་ལྗང་མདོག་སྐྲུན་དངོས་ཀྱིས་གསར་དུ་ལས་འགོ་བཙུགས་པའི་སྐྲུན་དངོས་རྒྱ་ཁྱོན་གྱི་76.23%ཟིན་པ། གྲོང་ཁྱེར(རྫོང་གྲོང)དུ་དྭངས་གཙང་ནུས་རྒྱུའི་དྲོད་རླངས་མཁོ་འདོན་བྱེད་ཚད་92.5%ཟིན་ནས་ལྗང་མདོག་ཐཱན་ཉུང་དུད་ཚང་ཁྲི་སྟོང་མང་པོར་ཁྱབ་གདལ་བྱུང་ཡོད།

    ད་ཆ་གངས་ལྗོངས་ས་མཐོར་གཡུ་ལོ་ཐགས་སུ་བཀྲ་བའི་ཕྱོགས་མཚམས་ཀུན་ནས་དམངས་འཚོའི་དྲོད་ཁོལ་ངང་གིས་འཕྱུར་བ་དང་། སྐྱེ་ཁམས་ཀྱི་མཛེས་རིས་ནང་བདེ་སྐྱིད་ཀྱི་དགོད་སྒྲས་ཁེངས་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།