དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱིས་རྒན་གསོའི་ཐོབ་ཆ་ཞིབ་ཚགས་སུ་བཏང་ནས་སྤྲོད་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-24

    ཉིན་ཤས་གོང་། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་འགན་བཅོལ་དོ་དམ་ཅུས་ཀྱིས《ལས་ཁུངས་དང་བྱ་གཞག་ཚན་པ་དང་ཁེ་ལས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་མི་སྣའི་རྒན་གསོའི་ཐོབ་ཆ་སྤྲོད་སྟངས་སྐོར་གྱི་སྤྱི་བསྒྲགས》(གཤམ་དུ“སྤྱི་བསྒྲགས”ཞེས་བསྡུ་རྒྱུ)བཀྲམ་ནས་བསྟན་དོན། 2026ལོའི་ཟླ་2པ་ནས་བཟུང་། བོད་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་མི་སྣའི་རྒན་གསོའི་ཐོབ་ཆ“སྡེབ་གཅིག་ཏུ་སྤྲོད་པ”ནས“ཞིབ་ཚགས་སུ་བཏང་སྟེ་ཁག་དབྱེ་ནས་སྤྲོད་རྒྱུ”ཡིན་པ་དང་། གཞི་རྩའི་རྒན་གསོའི་དངུལ་དང་། འགྲིམ་འགྲུལ་འགྲོ་གྲོན། དྲོད་ལེན་དངུལ་སོགས་ཟླ་རེར་སྤྲོད་རྒྱུ་དང་། གཟུགས་གཞི་བརྟག་དཔྱད་ཀྱི་འགྲོ་གྲོན་དང་ནད་གཡོག་གི་འགྲོ་གྲོན་ལོ་རེའི་ཟླ་3པར་སྡེབ་གཅིག་ཏུ་སྤྲོད་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

    “ཐོབ་ཆ་སྤྲོད་སྟངས་གསར་པའི་དོན་ཚན་ཁ་གསལ་བ་དང་། མང་ཚོགས་ཀྱིས་ཞིབ་བསྡུར་བྱེད་བདེ་པོ་ཡོད”ཅེས་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་འགན་སྲུང་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་ཤིང་། ཁོང་གིས། སྒྱུར་བཅོས་བྱས་རྗེས་གཞི་རྩའི་རྒན་གསོའི་དངུལ་སྔར་རྒྱུན་བཞིན་ཟླ་རེར་སྤྲོད་རྒྱུ་དང་། གཟུགས་གཞི་བརྟག་དཔྱད་ཀྱི་འགྲོ་གྲོན་དང་ནད་གཡོག་གི་འགྲོ་གྲོན་ལོ་རེའི་ཟླ་3པར་སྡེབ་གཅིག་ལ་སྤྲོད་རྒྱུ་ཡིན་ཞིང་། དེའི་ནང་ལོ་འདིའི་རྒན་ཡོལ་ཞུ་མཁན་གྱི་འབྲེལ་ཡོད་ཁ་གསབ་དག་ལོ་རྗེས་མའི་ཟླ་3པར་གསབ་སྤྲོད་བྱེད་ཀྱི་ཡོད་ཅེས་བརྗོད།

    ཐོབ་ཆ་དུས་ཐོག་དང་གྲངས་ཚང་སྤྲོད་པར་འགན་ལེན་བྱ་ཆེད། སྤྱི་བསྒྲགས་ནང་2025ལོའི་ཐོབ་ཐང་བདེན་དཔང་ར་སྤྲོད་བྱས་མེད་པའི་ལས་བྲལ་དང་རྒན་ཡོལ་ཞུས་པའི་མི་སྣས“བོད་ལྗོངས་གྲངས་འཛིན་མི་སྤྱིའི”Appདང་། སྐད་འཕྲིན་གྱི་བྱ་རིམ་ཆུང་གྲས་སམ་ཡང་ན། མཉམ་ལས་དངུལ་ཁང་ཁག་གི་དྲ་ཚིགས་བརྒྱུད་གང་མགྱོགས་བདེན་དཔང་ར་སྤྲོད་བྱེད་དགོས་པ་དང་། དུས་མཚུངས་སུ་རང་ཉིད་ཀྱི་སྤྱི་ཚོགས་འགན་སྲུང་གཱ(དངུལ་ཁང་གཱ)བེད་སྤྱོད་ཐུབ་མིན་བལྟས་ཏེ། རྩིས་ཁྲ་བསྡམས་བཅད་དང་ཐོ་ཁོངས་ནས་བསུབ་པའི་དབང་གིས་རྒན་གསོའི་ཐོབ་ཆ་དུས་ཐོག་ཏུ་སྤྲོད་མི་ཐུབ་པའི་གནད་དོན་སེལ་དགོས་པའི་དྲན་སྐུལ་བྱས་ཡོད་པ་རེད།

    2026ལོའི་ཟླ་དང་པོའི་རྒན་གསོའི་ཐོབ་ཆ་2025ལོའི་ཟླ་12ཚེས་25ཉིན་སྔ་སྣུར་དུ་སྤྲོད་ཀྱི་ཡོད་རུང་། སྤྲོད་སྟངས་གསར་རྙིང་བརྗེ་བའི“བར་བརྒལ་དུས་ཚོད”ནང་རྩིས་ཁྲ་རྒྱུན་གཏན་ལྟར་སྤྱོད་མི་ཐུབ་པ་སོགས་ཀྱི་རྐྱེན་པས་དངུལ་དུས་ཐོག་ཏུ་མ་འབྱོར་ཚེ། ས་གནས་ཁག་གི་སྤྱི་ཚོགས་འགན་སྲུང་གཉེར་སྐྱོང་ལས་ཁུངས་ཀྱིས་ལས་ཀའི་ཉིན་མོའི་སྔ་དྲོའི་ཆུ་ཚོད་9:30ནས་13:00བར་དང་། ཕྱི་དྲོའི་ཆུ་ཚོད་15:30ནས་18:00བར་ཆེད་མི་མངགས་ཡོད་པས། སྐུ་ཉིད་ནས་12333མི་སྤྱི་འགན་སྲུང་ཞབས་ཞུའི་ཐད་སྦྲེལ་ཁ་པར་བརྒྱུད་བློ་འདྲི་བྱེད་ཆོག་གི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།