ཨའོ་མོན་གྱིས་རྒྱལ་དར་སྒྲེང་བའི་མཛད་སྒོ་འཚོགས་པ་དང་ཆང་སྟོན་བཤམས་ཏེ་ཨའོ་མོན་མེས་རྒྱལ་པང་དུ་ལོག་ནས་ལོ་ངོ་26འཁོར་བར་རྟེན་འབྲེལ་ཞུས་པ།
ཟླ་12ཚེས་20ཉིན། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་རྒྱལ་དར་སྒྲེང་བའི་མཛད་སྒོ་འཚོགས་པ་དང་ཆང་སྟོན་བཤམས་ཏེ་ཨའོ་མོན་མེས་རྒྱལ་པང་དུ་ལོག་ནས་ལོ་ངོ་26འཁོར་བར་རྟེན་འབྲེལ་ཞུས་པ་རེད།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་བཙུགས་ནས་ལོ་ངོ་26འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཆང་སྟོན་ཆུ་ཚོད་9དང་སྐར་མ་30ལ་ཀྲུང་གོ་དང་ཕོར་ཐིའུ་ཀལ་གྱི་སྐད་སྤྱོད་པའི་རྒྱལ་ཁབ་ཀྱི་ཚོང་དོན་མཉམ་ལས་ཞབས་ཞུའི་ལས་སྟེགས་ཕྱོགས་བསྡུས་སྒྲིག་གཞིར་འཚོགས་པ་རེད། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཚེན་ཧའོ་ཧུའེ་ཡིས་ཤིས་ཚིག་བསྒྲོན་ནས་ཨའོ་མོན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལ་གཞིགས་ཏེ་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་སྔར་བས་ཧུར་ཐག་དང་རང་འགུལ་ངང་མཐུན་སྦྱོར་བྱེད་པ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི“ལོ་ལྔ་ཚན་གསུམ་པའི”འཆར་འགོད་བཟོ་བ་དང་ལག་བསྟར་ཡག་པོ་བྱས་ཏེ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ལ་ཞབས་འདེགས་ཞུ་བའི་རྒྱང་ལམ་གསར་པར་རང་ངོས་འཕེལ་རྒྱས་དེ་བས་ལེགས་པོ་ཡོང་བ་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ཧོའུ་ཧྭ་དང་། ཨའོ་མོན་དུ་བཅའ་སྡོད་ཀྲུང་དབྱང་སྲིད་གཞུང་འབྲེལ་གཏུག་གཞུང་ལས་ཁང་གི་ཀྲུའུ་རེན་ཀྲེང་ཤིན་ཚུང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཟུར་པ་ཧོ་དབྱི་ཁྲེང་། ཨའོ་མོན་དུ་བཅའ་སྡོད་ཕྱི་འབྲེལ་པུའི་ཆེད་མངག་པའི་ཀུང་ཧྲུའུ་ཡི་ཆེད་མངག་པ་ལིའུ་ཞན་ཧྥ། ཨའོ་མོན་དུ་བཅའ་སྡོད་བཅིངས་འགྲོལ་དམག་དཔུང་སྡེའི་སི་ལིང་ཡོན་ཡུས་ཁྲང་ཅང་། དམིགས་བསལ་སྲིད་འཛིན་ཁུལ་ཁྲིམས་འཛུགས་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀྲང་ཡུང་ཁྲུན། དམིགས་བསལ་སྲིད་འཛིན་ཁུལ་མཐའ་མའི་འདྲི་གཅོད་ཁྲིམས་ཁང་གི་ཡོན་ཀྲང་སུང་མིན་ལི། དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་དཔོན་རིགས་གཙོ་བོ་དང་། སྲིད་འཛིན་ཨུ་ལྷན་གྱི་ཨུ་ཡོན། ཁྲིམས་འཛུགས་ལྷན་ཚོགས་ཀྱི་གྲོས་མི། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་བཅས་དང་དེ་བཞིན་ལས་རིགས་ཁག་གི་མི་སྣ་སོགས་མི་གྲངས་1000ལྷག་ཙམ་ཆང་སྟོན་ལ་ཞུགས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།