དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུས་བརྗོད་དོན།

    རི་པིན་གྱིས་གཞུང་དྲང་དང་འགན་འཁུར་གྱི་རྣམ་འགྱུར་ནས་ལོ་རྒྱུས་ཐོག་ལུས་པའི་གནད་དོན་ཐག་གཅོད་འོས་འཚམ་བྱེད་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-23

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཚེས་19ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀུའོ་ཅ་ཁུན་གྱིས་རི་པིན་གྱིས་ལོ་རྒྱུས་ལ་ལྟ་སྟངས་ཡང་དག་འཛིན་པ་དང་རང་སྐྱོན་རང་བརྟག་བྱས་ཏེ། གཞུང་དྲང་དང་འགན་འཁུར་གྱི་རྣམ་འགྱུར་ནས་ལོ་རྒྱུས་ཐོག་ལུས་པའི་གནད་དོན་ཐག་གཅོད་འོས་འཚམ་བྱེད་པ་དང་། བྱ་སྤྱོད་དངོས་ལ་བརྟེན་ནས་ཨེ་ཤེ་ཡའི་ཁྱིམ་མཚེས་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡིད་ཆེས་ཐོབ་པར་བྱེད་དགོས་ཞེས་བརྗོད་པ་རེད།

    ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་ཉིན་ཤས་གོང་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འཛམ་གླིང་ཤུལ་བཞག་ཨུ་ཡོན་ལྷན་ཁང་གིས་རི་པིན་གྱིས་སྤྲད་པའི་ཙུའོ་ཏུའུ་ཅིན་ཧྲན་རི་བོ་སྲུང་སྐྱོང་གི་ད་ཡོད་གནས་ཚུལ་གྱི་སྙན་ཞུ་དང་པོ་ཁྱབ་བསྒྲགས་བྱས་པ་དང་། རི་པིན་གྱིས་སྙན་ཞུའི་ནང་། ཁྲའོ་ཞན་ཕྱེད་གླིང་གི་ངལ་རྩོལ་བཟོ་པ་བཙན་ཤེད་ཀྱིས་བསྡུས་པའི་ལོ་རྒྱུས་གླེང་མེད་པ་མ་ཟད། “དེའི་ཐད་ཧན་གོ་ཕྱོགས་དང་གྲོས་མོལ་དམ་ཟབ་བྱས་ཡོད”ཅེས་བརྗོད་ཡོད། ཧན་གོ་ཕྱོགས་ཀྱིས་རི་པིན་ལ་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་གྲོས་ཆོད་དང་། རང་ངོས་ཀྱི་ཁས་ལེན་དང་དེ་བཞིན་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དབར་གྱི་ཐུན་མོང་ངོས་འཛིན་ལག་བསྟར་ཏན་ཏིག་བྱ་རྒྱུར་སྐུལ་འདེབས་བྱ་རྒྱུ་དང་ཧན་གོ་ཕྱོགས་ཀྱིས་རི་པིན་དང་མུ་མཐུད་འབྲེལ་གཏུག་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྒྱུ་ཡིན་ནམ་ཞེས་དྲིས།

    “ཀྲུང་གོ་དང་ཁྲའོ་ཞན་ཕྱེད་གླིང་དང་དེ་བཞིན་ཨེ་ཤེ་ཡའི་རྒྱལ་ཁབ་གཞན་དག་གི་ངལ་རྩོལ་བཟོ་པ་བཙན་ཤེད་ཀྱིས་བསྡུས་པ་དང་བྲན་དུ་བཀོལ་བ་དེ་ནི་རི་པིན་དམག་རྒྱལ་རིང་ལུགས་ཀྱིས་ཕྱི་ཕྱོགས་ལ་བཙན་འཛུལ་དང་མི་སེར་སྤེལ་བའི་དབང་སྒྱུར་བྱེད་རིང་བསགས་པའི་ནག་ཉེས་ཚབས་ཆེན་ཞིག་རེད” ཀུའོ་ཅ་ཁུན་གྱིས“རི་པིན་གྱིས་ལོ་རྒྱུས་ལ་ལྟ་སྟངས་ཡང་དག་འཛིན་པ་དང་རང་སྐྱོན་རང་བརྟག་བྱས་ཏེ་གཞུང་དྲང་དང་འགན་འཁུར་གྱི་རྣམ་འགྱུར་ནས་ལོ་རྒྱུས་ཐོག་ལུས་པའི་གནད་དོན་ཐག་གཅོད་འོས་འཚམ་བྱེད་པ་དང་། བྱ་སྤྱོད་དངོས་ལ་བརྟེན་ནས་ཨེ་ཤེ་ཡའི་ཁྱིམ་མཚེས་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡིད་ཆེས་ཐོབ་པར་བྱེད་དགོས”ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།