དྲ་རྒྱའི་རྟ་ཕོར་བཅིབས། ཕྱུག་འགྱུར་གོམ་སྟབས་མྱུར།
རང་ལྗོངས་ཀྱིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ།

འདི་ནི་ཟླ་4ཚེས་29ཉིན་ནས་ཟླ་5ཚེས་3ཉིན་བར་2025ལོའི་ཀྲུང་གོའི་བོད་ལྗོངས་རི་འཛེག་འདུ་ཚོགས་ཆེ་མོ་སྐབས་ཉེར་གཉིས་པ་དང་ཀྲུང་གོ་བས་སླར་ཡང་ཇོ་མོ་གླང་མར་འཛེགས་ནས་ལོ་ངོ་50འཁོར་བར་དྲན་གསོ་ཞུ་བའི་རིམ་སྤེལ་བྱེད་སྒོ་སྟེ། ལྷོ་སྟོད་ལ་འཛེག་པ་དང་མྱུལ་དཔྱད་ཀྱི་བྱེད་སྒོ་ལྷ་ས་གྲོང་ཁྱེར་ཡངས་པ་ཅན་གྲོང་རྡལ་དུ་སྤེལ་ཞིང་། འདི་ནི་ཟླ་5ཚེས་2ཉིན་རི་འཛེག་ལ་དགའ་པོ་ཡོད་མཁན་ཚོ་ལྷོ་སྟོད་ལར་འཛེག་བཞིན་པ། (དཔྱད་གཞིའི་པར་རིས)
མིག་སྔར་སྟོན་བཞིན་པའི་གློག་བརྙན《རྒྱང་རིང་གི་བུ་རོགས་གངས་རི》ནི། བོད་ཀྱིས“རིག་གནས་ལ་བརྟེན་ནས་ཡུལ་སྐོར་ཐོན་ལས་གཏོད་པ་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་མངོན་པའི”འཐབ་ཇུས་ལག་བསྟར་གྱི་གསོན་ཉམས་དོད་པའི་ལག་ལེན་ཞིག་རེད། ཀྲུང་གོའི་རིག་གནས་ཡུལ་སྐོར་ཁྱབ་ཁོངས་ཀྱི་བཀྲག་མདངས་འཚེར་བའི་མུ་ཏིག་རྡོག་གཅིག་ལྟར་ཡིན་པའི་ངོས་ནས་བོད་འདི་ཉིད་སྔར་ནས་ད་བར་མི་མང་པོའི་སེམས་ནང་གི་ཡིད་སྨོན་དང་རེ་བ་བཅངས་སའི་གནས་ཤིག་རེད། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས“རིག་གནས་དང་ཡུལ་སྐོར+”ཡི་མཉམ་འདྲེས་འཕེལ་རྒྱས་གཏོང་སྟངས་དང་། རིག་གནས་དང་ཡུལ་སྐོར་གྱི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན། ནོར་སྲིད་དང་དངུལ་རྩའི་སྲིད་ཇུས་ཀྱི་སྣ་འདུས་ཐབས་བཟང་། རྩེར་སོན་ཡུལ་སྐོར་ལམ་ཐིག་གཏོད་པ་བཅས་དམ་འཛིན་བྱ་གཞིར་བྱས་ཏེ། རིག་གནས་དང་ཡུལ་སྐོར་ཐོན་ལས་དེ་བོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཀ་རྟེན་ཐོན་ལས་སུ་འགྱུར་བར་སྐུལ་འདེད་བཏང་ཡོད།
རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་བྱུང་ནས་གནའ་བོའི་ཡུལ་འདིར་གསོན་ཤུགས་དང་སྒུལ་ཤུགས་གསར་པ་བསྣན་ཡོད།
“རིག་གནས་དང་ཡུལ་སྐོར+”ལ་བརྟེན་ནས་གསོན་ཤུགས་གསར་པ་འཕེལ་བར་བྱས་པ།
“རིག་གནས་དང་ཡུལ་སྐོར+”ནི་རིག་གནས་དང་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་གྱི་གསོན་ཤུགས་འཕེལ་བར་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་རེད། “ཁྱད་ལྡན་གྱོན་ཆས་རྒྱུན་འཛིན”ཞེས་པའི་གྱོན་གོས་རིག་གནས་གཟའ་འཁོར་དང་བོད་ཀྱི་དྲ་ཐོག་རོལ་རྩེད་འགུལ་རིས་རིག་གནས་ཡུལ་སྐོར་གཟའ་འཁོར་སྐབས་དང་པོ་སོགས་ཀྱི་བྱེད་སྒོ་སྤེལ་བ་ལས་རིག་གནས་དང་ཡུལ་སྐོར་གྱི་འཛད་སྤྱོད་བྱེད་སྟངས་གསར་པ་ཐོན་པ་དང་སྦྲགས། བོད་ཟས་ཟ་བ་དང་བོད་ཆས་གྱོན་པ་སོགས་ཀྱང་དྲ་ཐོག་གི་གླེང་མང་ཤོས་ཀྱི་གླེང་གཞི་ཞིག་ཏུ་གྱུར་པ་རེད།
བར་སྐོར་ནས་བོད་ཆས་ཉམས་ལེན་ཁང་དུ་ཧུའུ་པེ་ནས་ཡོང་བའི་ཡུལ་སྐོར་བ་ཞའོ་ཧུའུ་དང་གྲོགས་པོ་ཚོས་བོད་ཆས་གྱོན་ནས་པར་མང་པོ་བརྒྱབ་ཅིང་། ཁོང་གིས“གྲོགས་ཚོགས་སུ་པར་དེ་དག་བསྐུར་མ་ཐག་ཚང་མས་བོད་ཆས་ཧ་ཅང་སྙིང་རྗེ་པོ་འདུག་ཅེས་བསྔགས་བརྗོད་བྱེད་ཀྱི་འདུག”ཅེས་བཤད།
ད་ཆའི་བོད་ཀྱིས་རིག་གནས་དང་ཡུལ་སྐོར་དེ་ཁྱབ་ཁོངས་གཞན་དག་དང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་དང་། “མཉམ་འདྲེས”ཀྱི་འདུ་ཤེས་ལ་བརྟེན་ནས་ལས་སྟེགས་དེ་བས་ཆེ་བ་བཏོད་དེ་རིག་གནས་དང་ཡུལ་སྐོར་དེ་བས་གསོན་ཤུགས་རྒྱས་པ་དང་ཐོན་ལས་དེ་བས་གོང་འཕེལ་ཡོང་བར་བྱེད་ཀྱི་ཡོད།
བོད་ལ་རི་འཛེག་དང་། རྐང་འཁོར། རྐང་ཐང་སོགས་ཕྱི་རོལ་ལུས་རྩལ་གྱི་ལེགས་ལྡན་ཐོན་ཁུངས་ཡོད་པ་དང་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་ནས་ཀྲུང་གོའི་རི་ཁུལ་རྐང་འཁོར་གྱི་རིམ་མཚུངས་མཉམ་འགྲན(བོད་ལྗོངས་ཉིང་ཁྲིའི་ས་ཚིགས)བར་གྱི་ཚད་གཞི་མཐོ་བའི་འགྲན་བསྡུར་རབ་དང་རིམ་པར་བདམས་ཐོན་པ་མང་པོ་ཞིག་ས་མཐོར་འཛོམས་ནས། ཡུལ་སྐོར་བ་མང་པོ་འགྲན་བསྡུར་ལ་ལྟ་བར་ཡོང་རྒྱུའི་ཡིད་དབང་བཀུག་སྟེ་ཡུལ་དེ་གའི་རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། སྲོལ་རྒྱུན་གྱི་ལྔ་པའི་ཚེས་ལྔའི་དུས་ཆེན་རིང་ལྷ་ས་སྐྱིད་ཆུའི་ཀོ་གྲུ(གྲུ་ཤན་འབྲུག་མགོ་མ)འགྲན་བསྡུར་ལས་ཡུལ་སྐོར་བར་འཁྲུག་ཆ་དོད་པའི་འགྲན་བསྡུར་ཁྲོད་སྲོལ་རྒྱུན་དམངས་སྲོལ་གྱི་ཡིད་དབང་འཕྲོག་ཤུགས་ཉམས་ལེན་ཏན་ཏིག་ཐུབ་ཡོད།
ཐུན་མོང་མ་ཡིན་པའི་ཉམས་ལེན་ནས་རིགས་ཁག་གི་མཛེས་ལྗོངས་ཁུལ་དུ་མི་ཚོགས་ཀྱིས་ཁེངས་པའི་བར་མི་འགྲུལ་དང་ཟོག་འགྲུལ་ས་མཐོར་གཅིག་སྡུད་བྱས་ཏེ་དཔལ་འབྱོར་གྱི་འཕར་རྒྱུན་ཆེན་པོ་བརྒྱུད་སྤྲོད་བྱེད་བཞིན་ཡོད།
རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གི་གྲངས་གཞི་ལས་མངོན་པར་གཞིགས་ན། 2025ལོར་ལྗོངས་ཡོངས་ཀྱི་རིག་གནས་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་134ཟིན་པ་དེ་དུས་མཚུངས་ལས་20%འཕར་བ་དང་། སྔོན་དཔག་ལྟར་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་7070ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་གྱི་སྤྱིའི་འགྲོ་གྲོན་སྒོར་དུང་ཕྱུར་816ཟིན་ཡོད། 2021ལོ་ནས་2025ལོ་བར་རང་ལྗོངས་ཀྱིས་རིམ་རྩིས་བརྒྱབ་ན་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར་3ཙམ་ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་གྱི་སྤྱིའི་འགྲོ་གྲོན་སྒོར་དུང་ཕྱུར་3000ལས་བརྒལ་ཡོད་པ་རེད།
ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ནས་རིག་གནས་དང་ཡུལ་སྐོར་གྱི་ཐོན་རྫས་ཕུན་སུམ་ཚོགས་སུ་བཏང་བ།
རིག་གནས་ནི་ཡུལ་སྐོར་གྱི་བླ་སྲོག་ཡིན་པ་དང་ཡུལ་སྐོར་ནི་རིག་གནས་ཀྱི་གཞི་རྟེན་ཡིན་པས། དེ་གཉིས་པོ་དམ་པོར་སྦྲེལ་བ་དང་གཅིག་ལ་གཅིག་བརྟེན་དུ་གནས།
ཐོན་ཁུངས་སྔོག་འདོན་གཏིང་ཟབ་དང་རིག་གནས་དང་ཡུལ་སྐོར་ཐོན་རྫས་ཕུན་སུམ་ཚོགས་སུ་གཏོང་ཆེད། ཉེ་བའི་ལོ་ཤས་རིང་། བོད་ཀྱིས་ཡུལ་སྐོར་གྲགས་ཅན་རྫོང་སྐྱེད་སྲིང་དང་མཛེས་ལྗོངས་ཁུལ་རྩེ་གྲ་གཏོད་རྒྱུ་དང་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་བྱེད་པར་མཐུན་སྦྱོར་ངང་སྐུལ་འདེད་ཧུར་ཐག་བཏང་ཞིང་། 2025ལོར་བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁུལ་4དང་རྒྱལ་ཁབ་ཀྱི་A4རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་14གསར་དུ་བསྐྲུན་ཡོད། “བོད་དུ་ཞིབ་སྦྱོང་གི་འགྲུལ་བཞུད”རྒྱལ་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཁྱད་ལྡན་ཡུལ་སྐོར་ལམ་ཐིག་ཁོངས་སུ་ཚུད་པ་དང་། ཡུལ་སྐོར་བས་ཐང་ག་བཞེངས་སྟངས་དང་ལྷ་མོ་འཁྲབ་སྟངས་སྦྱོང་བ་སོགས་ཀྱི་ཉམས་ལེན་བརྒྱུད་སྲོལ་རྒྱུན་རིག་གནས་ལ་རྒྱུས་ལོན་ཐུབ་པ་དང་། ཉིང་ཁྲིའི“གངས་ལྗོངས་ཁམ་བུའི་འབྱུང་ཁུངས”ཀྱི་ལམ་ཐིག་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་དམིགས་ས་རྩེ་གྲར་བདམས་པ་དང་ཁམ་བུའི་མེ་ཏོག་བཞད་པའི་དུས་ཚིགས་སུ་ཡུལ་སྐོར་བ་མང་པོ་དེར་ཡོང་རྒྱུའི་ཡིད་དབང་བཀུག་ཡོད།
དེ་དང་ཆབས་ཅིག་སྲོལ་རྒྱུན་རིག་གནས་འགྲེམས་སྟོན་སྒྲིག་གཞིར་ཡང་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་། ཕོ་བྲང་པོ་ཏ་ལ་དང་། ནོར་བུ་གླིང་ཁ། བོད་ལྗོངས་རྟེན་མཛོད་ཁང་སོགས་གཙོ་གནད་རིག་གནས་འགྲེམས་སྟོན་ཚན་པས་གྲངས་འཛིན་ཅན་དང་གསོན་ཉམས་ཅན་གྱི་འགྲེམས་སྟོན་མངོན་པར་བྱས་པ་བརྒྱུད། ལོར་ལྟ་སྐོར་བྱེད་མཁན་མི་ཐེངས་ཁྲི་320ལྷག་ཙམ་ཟིན་ཡོད། བོད་ལྗོངས་རྟེན་མཛོད་ཁང་དུ་ཕྲུ་གུ་ཚོས་VRསྒྲིག་ཆས་བརྒྱུད་གུ་གེའི་རྒྱལ་རབས་ཉམས་ལེན་ཐུབ་པ་དང་། ནོར་བུ་གླིང་ཁར་སྲོལ་རྒྱུན་གྱི་ལྷ་མོ་འཁྲབ་སྟོན་བྱེད་པ་དེ་གར་སྟེགས་ནས་སྤྱི་གླིང་དུ་སྣུར་སྲིང་བྱས་པས་ཡུལ་སྐོར་བས་ཐག་ཉེ་ས་ནས་ལྟད་མོ་ལྟ་ཐུབ་པ་མ་ཟད། ཐ་ན་ཉམས་ལེན་ཡང་ཐུབ་ཀྱི་ཡོད།
རིག་གནས་དང་ཡུལ་སྐོར་གྱི་གྲུབ་འབྲས་ལས་མི་སེར་གྱི་འཚོ་བར་ཕན་པ་ཐོབ་པ།
ཉིང་ཁྲིའི་བྲག་གསུམ་མཚོ་གཡུ་ཡི་གཞོང་པ་ལྟར་སྣང་ཞིང་། མཚོ་འགྲམ་དུ་བྲོ་འཁྲབ་མཁན་ཚོས་རྔ་རྡུང་སྒྲ་དང་བཅས་ཀོང་བྲོ་འཁྲབ་ཅིང་། གནའ་བོའི་བྲོ་དེ་ད་ཆ་ཡུལ་སྐོར་བའི་བརྙན་ཤེལ་ནང་གི་གསོན་ཉམས་དོད་པའི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད།
ཕྱོགས་གཅིག་ནས་རིག་གནས་དང་ཡུལ་སྐོར་གྱི་ཕན་འབྲས་ལས་དམངས་ཕྱུག་པོར་གྱུར་བ་དང་ཕྱོགས་གཞན་ཞིག་ནས་རིག་གནས་དང་ཡུལ་སྐོར་གྱི་གྲུབ་འབྲས་ལས་དམངས་ལ་ཕན་པ་ཐོབ་ཡོད། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས“དམངས་ལ་དྲོ་སྐྱིད་སྦྱིན་པ”དེ་ལས་འགན་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་རིག་གནས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་ཐོབ་པར་བྱས་ཡོད།
2025ལོར“གསར་བརྗེའི་རིག་རྩལ་རྟ་དམག་ཁྲི་བཅུ”རྩྭ་ཐང་གི་འབྲོག་ར་དང་མཐའ་མཚམས་ཀྱི་གྲོང་གསེབ་ཏུ་བསྐྱོད་ནས་ཕུལ་བྱུང་རིག་རྩལ་བརྩམས་ཆོས་གཞི་རིམ་དུ་འཁྲབ་སྟོན་བྱས་པ་དང་། “ང་ཚོའི་ཀྲུང་གོའི་ཕུགས་འདུན་ཏེ། རིག་གནས་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་གདལ་གཏོང་བ”དང“དུས་བཞིའི་གྲོང་གསེབ་ཀྱི་རིག་རྩལ་དགོང་ཚོགས”སོགས་ཀྱི་བྱེད་སྒོ་སྤེལ་བ་མ་ཟད། ལོ་ཧྲིལ་པོར་རིགས་ཁག་གི་དམངས་ཕན་བྱེད་སྒོ་ཐེངས་ཁྲི་10སྤེལ་བར་མང་ཚོགས་མི་ཐེངས་ཁྲི་1600ལ་ཕན་པ་ཐོབ་ཡོད།
དེ་བས་ཀྱང་དགའ་འོས་པ་ཞིག་ནི་མང་ཚོགས་རྣམས་རིག་གནས་ཀྱི“ལྟད་མོ་བ”ནས“གསར་གཏོད་པ”དང“རྒྱུན་འཛིན་པར”འགྱུར་བཞིན་ཡོད་པ་དེ་རེད། ལྗོངས་ཡོངས་ཀྱི་ལུས་སྦྱོང་སྒོར་གཞས་འགྲན་བསྡུར་ཆེ་མོ་དང་སྲིད་འཛིན་གྲོང་ཚོའི་རིག་རྩལ་རུ་ཁག་གི་མཉམ་འཁྲབ་ལས་རྒྱ་ཆེའི་མི་སེར་ཚོར་འཇོན་ཐང་ངོམ་སའི་གར་སྟེགས་བཏོད་ཡོད།
གྲངས་འཛིན་དུས་རབས་སུ་སླེབས་པ་དང་བསྟུན་ནས་རང་ལྗོངས་ཀྱིས་གྲངས་འཛིན་རིག་གནས་ཡུལ་སྐོར་འདུ་འགོད་ལག་བསྟར་ཧུར་ཐག་བྱས་ཏེ་ས་ཁམས་ཀྱི་བར་ཐག་ལས་བྱུང་བའི་ཉམས་ལེན་གྱི་འགོག་རྐྱེན་བསལ་ཡོད། “རིག་གནས་བོད་ལྗོངས”ཞེས་པའི་སྨྱན་སྦྱོར་གསར་པར་དགའ་མོས་བྱེད་མཁན་བསྡོམས་ཁྲི་175ལྷག་ཙམ་ཟིན་པ་དང་། བོད་ཀྱི་སྤྱི་པའི་རིག་གནས་སྤྲིན་ཚོམ་ལས་སྟེགས་སུ་ཕོན་འབོར་ཆེ་བའི་མངོན་མིན་རིག་གནས་ཤུལ་བཞག་དང་སྒྱུ་རྩལ་སློབ་ཚན་བཏོན་པར་མང་ཚོགས་མི་ཐེངས་ཁྲི་250ལྷག་ཙམ་ལ་ཕན་པ་ཐོབ་ནས་ཐག་རིང་ལུང་ཁུག་ས་ཁུལ་གྱི་མང་ཚོགས་ཀྱིས་ཀྱང་སྤུས་ལེགས་ཀྱི་རིག་གནས་ཐོན་ཁུངས་མཉམ་སྤྱོད་ཐུབ་པ་བྱུང་ཡོད།
གྲངས་འཛིན་གྱིས་མཐུན་རྐྱེན་སྦྱར་བ་ལས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་གསོན་ཤུགས་གསར་པ་བསྣན་ཡོད། 2025ལོའི་ཟླ་དགུ་པར“གཡག་གུ་མའོ་མའོ”ཞེས་པ་དེ་བོད་ཀྱི་རིག་གནས་ཡུལ་སྐོར་གྱི་སྤུས་རྟགས་གསར་རྐྱང་ཞིག་ཡིན་པའི་ངོས་ནས་བོད་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཡོད་ལ། བོད་ཀྱི་གཟུགས་བརྙན་ངོམ་སྟོན་དང་རིག་གནས་སྤེལ་རེས་ལ་ལས་སྟེགས་གལ་ཆེན་ཞིག་ཀྱང་བསྐྲུན་ཡོད།
རྩྭ་ཐང་དང་འབྲོག་རའི་དམངས་ཕན་གར་སྟེགས་ནས“སྤྲིན་ཚོམ”སློབ་ཁང་བར་གྱི་རིག་གནས་ཀྱི་སོར་བཅུད་དང་། མངོན་མིན་རིག་གནས་ཤུལ་བཞག་བཟོ་ཁང་གི་བཟོ་བོའི་རྒྱུན་འཛིན་ནས་རིག་ནུས་མཛེས་ལྗོངས་ཁུལ་གྱི་གསར་གཏོད་ཉམས་ལེན་བར། བོད་ཀྱི་རིག་གནས་ཡུལ་སྐོར་དེ“ཁྱད་ལྡན་དང་། རྩེར་སོན། རྩེ་གྲ”བཅས་ཀྱི་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་དེ། ཡིད་སྨོན་དང་རེ་བ་བཅངས་སའི་གངས་ལྗོངས་ས་མཐོ་མྱོང་ཐུབ་པ་དང་། ཚོར་ཐུབ་པ། མཉམ་སྐྱེས་ཐུབ་པ་བཅས་བྱུང་ནས་སྲོལ་རྒྱུན་དང་དེང་རབས་མཉམ་འདྲེས་དང་། སྐྱེ་ཁམས་དང་རིག་གནས་མཉམ་འཕེལ་གྱི་བརྗིད་ཆགས་ཡིད་འོང་གི་ལེའུ་གསར་པ་ཞིག་བརྩམས་ཡོད།
འབྲེལ་ཡོད་གསར་འགྱུར།