ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གྱི་གླེང་ཐེངས་གསུམ་པ།
“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་དང་གོམ་སྟབས་ཡག་པོ་སྤོ་ཐུབ་པའི་འགན་ལེན་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆེས་རྩ་བ་ནི་ཏང་གིས་དཔལ་འབྱོར་ལས་དོན་ལ་གཅིག་གྱུར་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་པར་ཐུག་པ་དང་། ཆེས་འགག་རྩ་ནི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དངོས་སྒྲུབ་འགན་འཁུར་དང་འབད་འབུངས་མདུན་སྐྱོད་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བར་ཐུག་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་རིམ་ཁག་ཏང་ཨུད་ཀྱིས་ཏང་གི་འགོ་ཁྲིད་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་རྒྱུ་མཐའ་འཁྱོངས་བྱས་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་བྱས་ཡོད།
ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་པར་གཙོ་བོ་ཆབ་སྲིད་ཀྱི་ཁ་ཕྱོགས་སྟངས་འཛིན་ཡང་དག་བྱེད་དགོས། རིམ་ཁག་ཏང་ཨུད་ཀྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་ཏེ། རང་རྟོགས་ངང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་ཁག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བྱ་སྤྱོད་ལ་འགྱུར་བར་བྱེད་དགོས། ཐོག་མཐའ་བར་གསུམ་དུ“རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བཅངས་ནས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞིར་དམ་པོར་དམིགས་པ་དང་། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”འཐབ་ཇུས་དམིགས་ཚད་ལ་གཞིགས་ཏེ། ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་དཔལ་འབྱོར་གྱི་གནད་དོན་ལ་ཞིབ་ལྟ་དང་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཁ་ལོ་སྒྱུར་མཁས་པོ་བྱེད་དགོས།
ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་པར་ངེས་པར་དུ་ཚན་རིག་དང་མཐུན་ཞིང་འཐུས་སྒོ་ཚང་བའི་སྒྲིག་སྲོལ་ལམ་སྲོལ་དང་ཆེད་ལས་ཅན་གྱི་ནུས་པར་རྟེན་དགོས། རིམ་ཁག་ཏང་ཨུད་ཀྱིས་ངེས་པར་དུ་དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་ལེན་ནན་པོ་བསྟར་ནས་དོན་གྲོས་སྒྲིག་སྲོལ་དང་ཇུས་ཐག་གཅོད་པའི་གོ་རིམ་རྒྱུན་མཐུད་ལེགས་སུ་གཏོང་བ་དང་། ཐབས་ཇུས་ཚན་རིག་དང་མཐུན་ལ་དམངས་གཙོ་ལྡན་པ་དང་། ལག་བསྟར་བརྟན་པོ་དང་ནུས་ལྡན། ལས་སྒྲུབ་ཁྲིམས་མཐུན་ནུས་ཆེ་བཅས་ཡོང་བར་བྱས་ཏེ། ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་རྩ་འཛུགས་ཀྱི་ལེགས་ཆ་དེ་ཉིད་འཕེལ་རྒྱས་ཀྱི་ནུས་ཕྱོད་དང་བཅོས་སྐྱོང་གི་ཕན་འབྲས་ལ་ཏན་ཏིག་འགྱུར་བར་བྱེད་དགོས། དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་མཐའ་འཁྱོངས་ཀྱིས“འཇོན་ཐང་ལ་གཞིགས་ནས་ལས་བྱེད་བཀོལ་སྤྱོད་དང་། ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པའི”སྟོན་ཕྱོགས་ཁ་གསལ་བཟོ་བ་དང་། ཁྱད་པར་ཅན་དང་གནད་སྨིན་ཅན་གྱི་དཔྱད་ཞིབ་གདེང་འཇོག་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། གྲུབ་འབྲས་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། དཔྱད་ཞིབ་ལ་བརྟེན་ནས་ལས་བྱེད་པར་སྐུལ་ལྕག་དང་དཔྱད་ཞིབ་ལ་བརྟེན་ནས་མི་སྣ་འདེམས་པ་བཅས་བྱས་ཏེ། འགན་འཁྲི་འཁུར་འདོད་པ་དང་། འགན་འཁྲི་འཁུར་ཕོད་པ། འགན་འཁྲི་འཁུར་མཁས་པ་བཅས་ཀྱི་ལས་བྱེད་པར་ལས་སྟེགས་སྐྲུན་དགོས།
སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པར་ངེས་པར་དུ་སྲིད་དོན་ལས་རྗེས་ཀྱི་ལྟ་བ་ཡང་དག་འཛུགས་པ་དང་ལག་ལེན་བསྟར་དགོས་པའི་བླང་བྱ་བཏོན་ཡོད། ལས་དོན་མཐའ་དག་དམངས་ལ་བདེ་སྐྱིད་སྐྲུན་པའི་ཐོག་དོན་འཁྱོལ་བྱེད་དགོས་པར་ངོས་འཛིན་གཏིང་ཟབ་བྱས་ནས་མང་ཚོགས་ཀྱིས་མཐོང་ཐུབ་པ་དང་། ཚོར་ཐུབ་པ། ལོངས་སྤྱོད་ཐུབ་པ་བཅས་ཀྱི“མིག་མཐོང་ལག་ཟིན་གྱི་གྲུབ་འབྲས”ཡག་པོ་གཏོད་དགོས་ལ། རྨང་གཞི་འདིང་བ་དང་། ཕུགས་ལ་ཕན་པ། གཏིང་ཤུགས་ཆེ་བ་བཅས་ཀྱི“མི་མངོན་པའི་གྲུབ་འབྲས”ལ་དེ་བས་དམ་འཛིན་ཡག་པོ་བྱས་ཏེ། མི་རྒྱུ་གཉིས་འཕྲོ་བརླག་འགྲོ་བའི“རྟགས་མཚོན་ལས་གྲྭ”དང“བྱས་རྗེས་ལས་གཞི”མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས། རང་རྟོགས་ངང་ཆོས་ཉིད་དང་སྒྲིག་ལམ་ལྟར་ལས་དོན་བསྒྲུབས་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཆེད་དུ་ལས་དོན་སྒྲུབ་པ། གཞི་རིམ་དང་མང་ཚོགས་ཁྲོད་སྐྱོད་པ། མི་རིགས་ཁག་གི་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་སེམས་རྩ་འཁོལ་པོས་ཐག་གཅོད་ཡག་པོ་བཅས་བྱས་ཏེ། བྱ་བ་དངོས་སྒྲུབ་པ་དང་ཕན་འབྲས་དངོས་ཐོན་པའི་ཐད་སེམས་ཤུགས་གཅིག་ཏུ་སྒྲིལ་དགོས། ཏང་སྲིད་ལས་ཁུངས་ཀྱིས་ཟ་མཁས་འཐུང་མཁས་བྱས་ནས་ཚད་ཡོད་ཀྱི་མ་དངུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དམངས་འཚོ་ལེགས་སུ་གཏོང་བའི་དགོས་མཁོ་ཆེ་སར་སྤྱད་དེ། ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་དཔྱད་ཐེག་པའི་གྲུབ་འབྲས་ཧུར་ཐག་གཏོད་དགོས།
འཕེལ་རྒྱས་ཀྱི་དམིགས་ཚད་མཐའ་དག་མཐར་དོན་འཁྱོལ་ལ་བརྟེན་ནས་མངོན་འགྱུར་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས“དོན་འཁྱོལ་ལ་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་ལ་དམ་འཛིན་བྱེད་པ་ཞིག་ཡིན་པའི”འདུ་ཤེས་ཟབ་ཏུ་བཏང་ནས། བྱ་བ་དངོས་མང་ཙམ་སྒྲུབ་པ་དང་འཚབ་འཚུབ་མི་བྱེད་པར་ཚོགས་འདུའི་དགོངས་དོན་དག་ཞིབ་ཕྲའི་ལག་ལེན་བསྟར་འཐུས་ཀྱི་འཆར་འགོད་དང་འགན་འཁྲིའི་ལམ་ལུགས་ལ་འགྱུར་བར་བྱས་ཏེ། དུས་བཅད་ཁ་གསལ་དང་འགན་འཁྲི་ནན་དུ་གཏོང་དགོས། གཟེར་འདེབས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་གཏན་འཁེལ་ཟིན་པའི་བྱ་བར་དམ་འཛིན་མཐར་ཕྱིན་དང་དངོས་ཕན་དོན་གཉེར་བྱེད་པ་དང་། འཕེལ་རྒྱས་གཏོང་རིང་གི་འགལ་ཟླ་དང་འགྲན་སློང་ལ་ཁ་གཏད་གཅོག་ཕོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་བཟོ་བའི་འགག་གནད་དང་དཀའ་གནད་ལ་དམིགས་པ་བཅས་བྱས་ཏེ། དཀའ་གནད་སེལ་རིང་འགན་འཁྲི་འཁུར་སེམས་མངོན་པ་དང་རྣམ་པ་གསར་པ་གཏོད་དགོས། ལྟ་བཤེར་འགན་འདེད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱས་ཏེ། གྲུབ་འབྲས་དངོས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་རང་འགུལ་ཐོབ་པར་བྱེད་དགོས།
2026ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པ་དང“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་ཞིག་འཛུགས་པའི་འགན་འཁྲི་ལྕི་ལ་དོན་སྙིང་གཏིང་ཟབ་ལྡན་ཡོད། དེས་ན། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཡིད་ཆེས་བརྟན་དུ་གཏོང་བ་དང་དངོས་འཛིན་དངོས་སྒྲུབ་བྱས་ཏེ། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་བརྟེན་ནས་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བ་དང་། བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་བཏོད་དེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་རྩོམ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།
འབྲེལ་ཡོད་གསར་འགྱུར།