དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱི་སྡེ་ཚན་གཉིས་ཀྱིས《བསམ་འཆར》མཉམ་དུ་བཀྲམ་པ།

    འགྲིམ་འགྲུལ་སྐྱེལ་འདྲེན་དང་འཕྲིན་གཏོང་གི་རྨང་གཞིའི་སྒྲིག་བཀོད་མཉམ་འདྲེས་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-23

    ཉེ་ཆར། རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་དང་འཕྲིན་གཏོང་དོ་དམ་ཅུས་ཀྱིས《འགྲིམ་འགྲུལ་སྐྱེལ་འདྲེན་གྱི་རྨང་གཞིའི་སྒྲིག་བཀོད་དང་འཕྲིན་གཏོང་གི་རྨང་གཞིའི་སྒྲིག་བཀོད་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)མཉམ་དུ་བཀྲམ་པ་དང་། དེའི་དམིགས་ཡུལ་ནི་འགྲིམ་འགྲུལ་རྒྱལ་ཁབ་སྟོབས་ཆེན་དང་དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དང་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། གཞུང་ལམ་རྒྱུད་དུ་སྒུལ་འཕྲིན་དྲ་རྒྱ་ཡོངས་སུ་ཁྱབ་པར་སྐུལ་འདེད་མགྱོགས་པོ་གཏོང་བ། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་སྤྱི་པའི་ཞབས་ཞུའི་ནུས་པ་དང་རིག་ནུས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། མཉམ་སྐྲུན་མཉམ་སྤྱོད་དང་ལས་སྒོ་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱ་ཆེད་རེད།

    《བསམ་འཆར》ནང་ཕྱོགས་བཞིའི་ནང་དོན་ཁ་གསལ་བཟོས་ཡོད་པ་སྟེ། གཅིག་ནས་འཆར་འགོད་མཐུན་སྦྱོར་དང་འཛུགས་སྐྲུན་ལ་སྤྱི་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་དང་འཕྲིན་གཏོང་འཆར་འགོད་སྦྲེལ་མཐུད་ལ་མཐུན་སྦྱོར་བྱེད་ཟབ་ཏུ་གཏོང་བ་དང་། གཞུང་ལམ་གསར་སྐྲུན(བསྐྱར་སྐྲུན)རྣམ་གྲངས་ཀྱི་འཕྲིན་གཏོང་སྒྲིག་བཀོད་འཛུགས་སྐྲུན་ལ་སྤྱི་འདོམས་བྱེད་པ། གཉེར་སྐྱོང་བྱེད་འགོ་ཚུགས་པའི་གཞུང་ལམ་དུ་འཕྲིན་གཏོང་ཁྱབ་ཚད་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་དགོས། གཉིས་ནས་ལེགས་ཆ་གསབ་རེས་ཀྱིས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཤུགས་སྣོན་རྒྱག་པ་དང་། འཕྲིན་གཏོང་གིས་འགྲིམ་འགྲུལ་ལ་མཐུན་རྐྱེན་སྦྱོར་བ་དང་། འགྲིམ་འགྲུལ་གྱིས་འཕྲིན་གཏོང་ལ་འདེགས་སྐྱོར་བྱེད་པ། བློ་རིག་གཞུང་ལམ་དང་འོད་སྐུད་མཉམ་སྤྱོད་སོགས་ཀྱི་ཚོད་ལྟ་མཉམ་དུ་བྱེད་དགོས། གསུམ་ནས་བཅའ་ཁྲིམས་ཁྲིམས་སྲོལ་ལ་བརྩི་སྲུང་ནན་པོ་ཞུས་ཏེ། ཁྲིམས་ལྟར་ཞིབ་མཆན་འགོད་པའི་བརྒྱུད་རིམ་ལེགས་སུ་བཏང་ནས་གཞུང་ལམ་དང་འཕྲིན་གཏོང་དྲ་རྒྱའི་འཁོར་སྐྱོད་བདེ་འཇགས་ལ་འགན་ལེན་བྱེད་དགོས། བཞི་ནས་འབྲེལ་གཏུག་མཐུན་སྦྱོར་ལམ་སྲོལ་བཙུགས་ནས་འཐུས་སྒོ་ཚང་དུ་གཏོང་བ་དང་། གསར་སྐྲུན་གཞུང་ལམ་དང་། བསྐྲུན་ཟིན་པའི་གཞུང་ལམ། ཐོན་ཁུངས་མཉམ་སྤྱོད་བཅས་ཀྱི་ཆེད་དོན་ལས་དོན་ཚོགས་ཆུང་བཙུགས་ཏེ། མཐུན་སྦྱོར་དང་གཞོགས་འདེགས་བྱེད་ཤུགས་ཆེ་རུ་བཏང་ནས་ལས་དོན་ལ་ཕན་འབྲས་དངོས་ཐོན་པར་འགན་ལེན་བྱེད་དགོས་པ་བཅས་རེད།

    《བསམ་འཆར》ལག་བསྟར་བྱས་པ་ལས་ལྗོངས་ཡོངས་ཀྱི་གཞུང་ལམ་དང་ཆུ་ལམ་རྒྱུད་ཀྱི་འཕྲིན་གཏོང་སྤུས་ཚད་དང་ཞབས་འདེགས་ཞུ་ནུས་བརྒྱུད་རིམ་ལྡན་པའི་ངང་མཐོ་རུ་ཕྱིན་ཏེ། མང་ཚོགས་ཀྱི་འཕྲིན་གཏོང་དགོས་མཁོ་སྔར་བས་སྐོང་བ་དང་འགྲིམ་འགྲུལ་རིག་ནུས་ཅན་གྱི་ཕྱོགས་སྒྱུར་ལ་སྐུལ་འདེད་ཐེབས་ནས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་ཞབས་འདེགས་ཡག་པོ་ཞུ་ཐུབ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།