དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མངའ་རིས་ས་ཁུལ་གྱིས་རྫོང་དང་ཤང་གྲོང་ཚོ་བཅས་རིམ་གསུམ་གྱི་སྦྲག་བསྐུར་དྲ་བ་ཚགས་དམ་དུ་བཏང་བ།

    མྱུར་སྐྱེལ་གྲོང་ཚོར་འབྱོར། ཡུལ་ཟོག་བྲིན་ཁ་རྒྱུག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-23

    ད་ཆའི་སྟབས་བདེ་བའི་མྱུར་སྐྱེལ་ཞབས་ཞུའི་སྐོར་གླེང་སྐབས་མངའ་རིས་ས་ཁུལ་རུ་ཐོག་རྫོང་ར་བང་ཤང་རྩྭ་ཕུག་གྲོང་ཚོའི་འབྲོག་པ་བསྟན་འཛིན་དབང་གྲགས་ཀྱིས་བསྔགས་བརྗོད་ཡང་ཡང་བྱེད་ཀྱི་ཡོད། དེ་སྔ་ཁོ་པ་སྤྱི་ལེ་60ཙམ་གྱི་སར་གནས་པའི་ཤང་སྲིད་གཞུང་དུ་ཅ་དངོས་བསྐུར་བའམ་ཡང་ན་མྱུར་སྐྱེལ་ལེན་པར་སྐྱོད་དགོས་པ་དང་རླངས་འཁོར་བཏང་ནས་བསྐྱོད་ནའང་ཕར་འགྲོ་ཚུར་འོང་བྱེད་པར་ཆུ་ཚོད་གཉིས་ཙམ་འགོར་བ་མ་ཟད། ལྷ་ས་ནས་ར་བང་ཤང་ལ་ཅ་དངོས་བསྐུར་བར་སྤྱིར་ན་ཉིན་བཅུ་འགོར་བ་དང་མགྱོགས་ཤོས་ལའང་གཟའ་འཁོར་གཅིག་འགོར་གྱི་ཡོད། ད་ཆ་ཅ་དངོས་ཐད་ཀར་གྲོང་ཚོར་སྐྱེལ་གྱི་ཡོད་པས་ཅ་དངོས་ལེན་པར་གོམ་པ་ཁ་ཤས་ལས་སྐྱོད་མི་དགོས་ལ། ལྷ་ས་ནས་གྲོང་ཚོར་མང་ཤོས་ལའང་ཉིན་5ལས་འགོར་གྱི་མེད། འདི་གར་མེས་རྒྱལ་གྱི་མཐའ་མཚམས་ཡིན་རུང་ཡུལ་མི་སྤུན་ཟླ་ཚོས་སྟབས་བདེ་ལ་མགྱོགས་པའི་མྱུར་སྐྱེལ་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་ཀྱི་ཡོད།

    མྱུར་སྐྱེལ་གྲོང་ཚོར་སྔར་བས་ཡག་པོ་སྐྱེལ་ཐུབ་པ་བྱ་ཆེད། མངའ་རིས་ས་ཁུལ་སྦྲག་སྲིད་དོ་དམ་ཅུས་ཀྱིས“འགྲུལ་སྐྱེལ་དང་། ཟོག་འདྲེན། སྦྲག་སྲིད་ཀྱི་མྱུར་སྐྱེལ”བཅས་མཉམ་འདྲེས་དང“སྦྲག་སྲིད་དང་མྱུར་སྐྱེལ་མཉམ་ལས”ལ་མཐུན་སྦྱོར་ངང་ཤུགས་སྣོན་རྒྱག་རྒྱུར་སྐུལ་འདེད་བཏང་སྟེ། རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་གྱི་སྦྲག་བསྐུར་དྲ་བ་སྔར་བས་ཚགས་དམ་དུ་བཏང་ནས་ས་མཐོའི་ཐག་རིང་ལུང་ཁུག་ཏུ་སྦྲག་བསྐུར་ཟོག་འགྲེམས་དྲ་རྒྱ་ཁྱབ་དཀའ་བ་དང་། མ་གནས་མཐོ་བ། དུས་ཡུན་རིང་བ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་པས། ཞིང་འབྲོག་ཁུལ་གྱི་མང་ཚོགས་ཚོར་གྲོང་ཚོ་དེ་རང་དུ་ཅ་དངོས་དང་ཐུམ་སྒྲིལ་འབྱོར་གྱི་ཡོད།

    མངའ་རིས་ས་ཁུལ་སྦྲག་སྲིད་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལིའུ་ཏུང་ཧྲེང་གིས། ཅུས་དེས་གྲོང་ཚོའི་སྦྲག་སྲིད་ས་ཚིགས་དང་གྲོང་ཚོ་རིམ་པའི་སྦྲག་སྐུར་ཟོག་འགྲེམས་ཀྱི་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་བསྐྲུན་རྒྱུ་རྨང་གཞིར་བྱས་ནས་གྲོང་གསེབ་ཀྱི་འགྲུལ་སྐྱེལ་དང་། ཟོག་འདྲེན། སྦྲག་སྲིད་མྱུར་སྐྱེལ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། “བདེ་སྐྱིད་ངང་ཕྱིར་སྐྱོད་དང་། ཟོག་འགྲེམས་སྡེབ་སྐྱེལ། སྦྲག་སྲིད་སྦྲག་བསྐུར”བཅས་གསུམ་ལ་སྤྱི་འདོམས་སྐུལ་འདེད་བཏང་བ། གྲོང་གསེབ་ཀྱི་སྦྲག་ལམ་ཁག་137ཤར་གཏོང་ཐུབ་པ། གྲོང་གསེབ་ཀྱི་སྦྲག་སྐྱེལ་རླངས་འཁོར་56བཏང་བ་བཅས་བྱས་པ་དང་ཆབས་ཅིག “སྦྲག་སྲིད་དང་མྱུར་སྐྱེལ་མཉམ་ལས”ཀྱི་རྣམ་པ་རྒྱུན་མཐུད་ལེགས་སུ་བཏང་ནས། ཞིང་འབྲོག་ཁུལ་དང་། ལྷག་པར་དུ། ཐག་རིང་ལུང་ཁུག་ཏུ་སྦྲག་སྲིད་དྲ་རྒྱའི་རྨང་གཞིའི་འདེགས་སྐྱོར་ནུས་པ་མུ་མཐུད་ཆེ་རུ་བཏང་བ་དང་། སྤྱི་ཚོགས་ཀྱི་མྱུར་སྐྱེལ་ཐོན་ཁུངས་བསྡུ་སྒྲིལ་ནུས་ལྡན་བྱས་པ། མྱུར་སྐྱེལ་ཞབས་ཞུ་གྲོང་ཚོར་སྐུལ་འདེད་བཏང་བ་བཅས་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    ད་ལོའི“བཅུ་གཅིག་ཟུང”གི་འཛད་སྤྱོད་ཚ་རླབས་ཁྲོད་དུ་མངའ་རིས་ས་ཁུལ་གྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོས་མྱུར་སྐྱེལ་གྲོང་ཚོར་ཁྱབ་གདལ་གཏོང་བའི་སྟབས་བདེ་ལོངས་སྤྱོད་ཐུབ་པ་མ་ཟད། སྟབས་བདེའི་ཟོག་འགྲེམས་ཀྱི་ཤར་རླུང་ལ་བརྟེན་ནས་ཚགས་ཤ་ལུག་ཤ་དང་། རྩམ་པ། བལ་བཟོས་ཐོན་རྫས། སྤོས། ལག་ཤེས་བཟོ་རྩལ་ཐོན་རྫས་སོགས་ཁྱད་ལྡན་ཐོན་རྫས་ཐད་གཏོང་ཟོག་ཚོང་དང་དྲ་ཚུགས་ནས་ཕྱིར་ཚོང་སོགས་ཀྱི་བྱེད་ཐབས་བརྒྱུད་ཁྱིམ་ཚང་ཁྲི་སྟོང་མང་པོར་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་རམ་འདེགས་བྱས་ཡོད།

    2025ལོར། མངའ་རིས་ས་ཁུལ་གྱི“སྦྲག་སྲིད་དང་མྱུར་སྐྱེལ་མཉམ་ལས”ཀྱི་ལས་སྒོ་སྤེལ་ཚད་མཐོ་རུ་བརྟན་པོ་ཕྱིན་ནས་ལོ་ཧྲིལ་པོར་བསྐུར་མ་ཁྲི་25.36ཟིན་པ་དེ་དུས་མཚུངས་ལས་24.84%འཕར་བ་དང་། “འགྲུལ་སྐྱེལ་དང་། ཟོག་འདྲེན། སྦྲག་སྲིད་ཀྱི་མྱུར་སྐྱེལ”བཅས་ཀྱི་མཉམ་ལས་ལས་སྒོ་སྤེལ་ཚད་བསྐུར་མ་41711ཟིན་ནས་བཀོད་སྒྲིག་དེ་བས་རྒྱ་ཆེ་བ་དང་། དྲ་རྒྱ་དེ་བས་ཚགས་དམ་པ། ཞབས་ཞུའི་ནུས་པ་དེ་བས་ཆེ་བ་བཅས་ཀྱི་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་གྱི་སྦྲག་བསྐུར་ཞབས་ཞུའི་དྲ་རྒྱ་ཞིག་གཞི་རྩའི་ཆ་ནས་གྲུབ་ཡོད་པ་རེད།

    ཉེ་ཆར《ཞིང་འབྲོག་ཁུལ་གྱི་སྦྲག་བསྐུར་ཟོག་འགྲེམས་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་མྱུར་གཏོང་རྒྱུའི་སྐོར་གྱི་མངའ་རིས་ས་ཁུལ་གྱི་ལག་བསྟར་ཇུས་གཞི》བཀྲམ་པ་རེད། མངའ་རིས་ས་ཁུལ་གྱིས་ཞིང་འབྲོག་ཁུལ་གྱི་སྦྲག་བསྐུར་ཟོག་འགྲེམས་མ་ལག་འཛུགས་སྐྱོང་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ་2026ལོའི་ལོ་མཇུག་ཏུ་སླེབས་སྐབས་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་གྱི་སྦྲག་བསྐུར་ཟོག་འགྲེམས་ས་ཚིགས་ཕྱོགས་ཡོངས་ནས་བསྐྲུན་ཟིན་པ་བྱ་རྒྱུ་དང་2029ལོའི་ལོ་མཇུག་ཏུ་སླེབས་སྐབས་ཞིང་འབྲོག་ཐོན་རྫས་མངའ་རིས་ནས་གྲོང་ཁྱེར་དུ་ཤར་བགྲོད་ཐུབ་པ་དང་། འཛད་རྫས་གྲོང་གསེབ་ཏུ་ཁྱབ་གདལ་མྱུར་པོ་ཐུབ་པ། དམངས་ཕན་སྦྲག་བསྐུར་ཞབས་ཞུ་ཕྱོགས་ཡོངས་སུ་ཁྱབ་ཐུབ་པ་བཅས་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།