དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཕན་ནུས་ལྡན་པའི་ཁྲོམ་ར་དང་བྱས་པ་ཅན་གྱི་སྲིད་གཞུང་ཟུང་འབྲེལ་མཐའ་འཁྱོངས་བྱེད་པ་ནི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་རྩ་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-23

    སྲིད་གཞུང་དང་ཁྲོམ་རའི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་གྱི་ལྟེ་བའི་བརྗོད་དོན་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ངེས་པར་དུ་ཕན་ནུས་ལྡན་པའི་ཁྲོམ་ར་དང་བྱས་པ་ཅན་གྱི་སྲིད་གཞུང་གི་འབྲེལ་བ་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ཏེ། “གཏོང་ཐུབ་པ”དང“དོ་དམ་བྱེད་ཐུབ་པའི”དཔལ་འབྱོར་སྒྲིག་ལམ་ཞིག་ཆགས་པ་བྱེད་དགོས་ཞེས་གསུངས་ཡོད། རྒྱལ་ཁབ་ཀྱི་འཐབ་ཇུས་བཀོད་སྒྲིག་གི་ནང་དོན་གལ་ཆེན་ཞིག་ཡིན་པའི་བོད་ཀྱི་འཕེལ་རྒྱས་ནི་མི་རིགས་མཐུན་སྒྲིལ་དང་། རྒྱལ་ཁབ་བརྟན་ལྷིང་། ས་ཁོངས་མཐུན་སྦྱོར་བཅས་ཀྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པས། དེ་གཉིས་པོ་ཟུང་འབྲེལ་མཐའ་འཁྱོངས་བྱེད་པ་ནི་བོད་འཕེལ་རྒྱས་ཀྱི་ལམ་ལུགས་མ་ལག་ལེགས་སུ་གཏོང་བ་དང་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐབས་མཆོག་ཅིག་རེད།

    ཕན་ནུས་ལྡན་པའི་ཁྲོམ་ར་ནི་བོད་ཀྱི་དཔལ་འབྱོར་གྱི་སྒུལ་ནུས་འཕེལ་བར་བྱེད་པའི་ཐག་གཅོད་རང་བཞིན་གྱི་སྒུལ་ཤུགས་ཤིག་ཡིན། རིན་གོང་དང་། མཁོ་སྤྲོད། འགྲན་རྩོད་བཅས་ལས་གྲུབ་པའི་ཁྲོམ་རའི་ལམ་སྲོལ་ནི“ཐོན་ཁུངས་ཀྱི་ཕྱོགས་སྟོན་མ་ལག”གནད་འཁེལ་ཞིག་ཡིན་པ་དེས་རྒྱུ་རྐྱེན་སྣ་ཚོགས་ལེགས་གཏོང་བཀོད་སྒྲིག་ཐུབ་ཡོད། བོད་ལ་ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་ཁུངས་དང་། ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཀྱི་རིག་གནས་ཐོན་ཁུངས། མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེ་བའི་ཡུལ་སྐོར་ཐོན་ཁུངས་བཅས་ཡོད་པས། ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་གང་ལེགས་བཏོན་ནས་སྤྱི་ཚོགས་ཀྱི་མ་རྩ་དགེ་མཚན་ལྡན་པའི་ཁྱབ་ཁོངས་སུ་གཅིག་སྡུད་ཡོང་བར་སྐུལ་ཁྲིད་ནུས་ལྡན་ཐུབ་ཡོད། དཔེར་ན། ཉེ་བའི་ལོ་ཤས་རིང་བོད་ཀྱི་ཡུལ་སྐོར་ལས་རིགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་ཞིང་། ཡུལ་སྐོར་ཁེ་ལས་སྣ་ཚོགས་ཀྱིས་ཁྲོམ་རའི་འགྲན་རྩོད་ནང་ཞབས་ཞུ་སྒྲུབ་སྟངས་གསར་གཏོད་དང་སྤུས་ཚད་ལེགས་སུ་བཏང་སྟེ་བཟའ་བཏུང་དང་། ཞག་སྡོད། རིག་གནས་བསམ་བཀོད་སོགས་ཐོན་ལས་མཐུན་སྦྱོར་དར་རྒྱས་ཡོང་བར་སྐུལ་ཁྲིད་བྱས་ནས་ཡུལ་དེ་གའི་གྲོང་མིར་ཁ་ཡོད་ལག་ཡོད་ཀྱི་ཡོང་འབབ་འཕར་བར་བྱས་ཡོད། དེ་དང་ཆབས་ཅིག་ཁྲོམ་རའི་འགྲན་རྩོད་ཀྱི་གནོན་ཤུགས་དེ་གསར་གཏོད་ཀྱི་སྒུལ་ཤུགས་སུ་བསྒྱུར་ཏེ། ཁེ་ལས་ཀྱིས་ཐོན་སྐྱེད་ལས་ཕྱོད་མཐོ་རུ་གཏོང་རྒྱུར་ལྡོག་སྐུལ་བྱས་པ་དང་། ལག་རྩལ་རིམ་འཇུག་དང་ཐོན་ལས་རིམ་སྤོར་མགྱོགས་སུ་བཏང་ནས་དཔལ་འབྱོར་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་རྫོགས་མཐའ་མེད་པའི་གསོན་ཤུགས་བསྣན་ཡོད།

    བྱས་པ་ཅན་གྱི་སྲིད་གཞུང་ནི་བོད་འཕེལ་རྒྱས་བརྟན་པོ་ཡོང་བར་བྱེད་པའི་རྨང་གཞི་བརྟན་པོ་ཞིག་ཡིན། སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་འཐབ་ཇུས་དང་འཆར་གཞི་བཀོད་པ་བརྒྱུད་བོད་འཕེལ་རྒྱས་ཡོང་བར་ཁ་ཕྱོགས་གསལ་པོ་བསྟན་ཡོད། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། འགྲིམ་འགྲུལ་དྲ་བ་དང་འཕྲིན་གཏོང་དྲ་རྒྱ་མུ་མཐུད་ལེགས་སུ་གཏོང་བ། ཁེ་ལས་ཀྱི་གཉེར་སྐྱོང་མ་གནས་དམའ་རུ་གཏོང་བ་བཅས་བྱས་ཏེ། གཉེར་སྐྱོང་བྱེད་པོར་སྤུས་ལེགས་འཕེལ་རྒྱས་ཀྱི་གར་སྟེགས་བསྐྲུན་པ་དང་། སློབ་གསོ་དང་སྨན་བཅོས་སོགས་དམངས་འཚོའི་ཁྱབ་ཁོངས་ལ་དམིགས་ཏེ་གནད་སྨིན་ཤུགས་འདོན་གྱིས་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ནས་དམངས་ཚོགས་ཀྱི་འཚོ་བའི་སྤུས་ཚད་ལེགས་སུ་བཏང་བ་མ་ཟད། བྱང་ཚད་མཐོ་བའི་ཤེས་ལྡན་པའི་དཔུང་ཁག་ཀྱང་གསོ་སྐྱོང་བྱས་ཏེ། འཕེལ་རྒྱས་གཏོང་ཕྱིར་ཤེས་ལྡན་པའི་འདེགས་སྐྱོར་བརྟན་པོ་བྱས་ཡོད། གཞན་ཡང་སྲིད་གཞུང་གིས་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ་དང་། དྲང་གཞག་འགྲན་རྩོད་འགན་ལེན་བྱེད་པ། ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ཚབ་བྱེད་ཐབས་བྲལ་བའི་ནུས་པ་བཏོན་ཡོད། དེ་བས་འགག་རྩ་ཞིག་ནི་དེ་གཉིས་པོར་ལས་ཆོད་ཆེ་བའི་མཐུན་སྦྱོར་མཉམ་ཤུགས་ཆགས་པ་དེ་རེད། ཁྱད་ལྡན་ཞིང་འབྲོག་ཐོན་ལས་ལ་དཔེ་བཞག་ན། སྲིད་གཞུང་གིས་ཆེད་དོན་རོགས་སྐྱོར་སྲིད་ཇུས་བཏོན་པ་དང་སྤུས་ཚད་ཀྱི་ཚད་གཞི་ནན་པོ་བཟོས་ནས་ཐོན་ལས་ལ་གཡས་གཞོགས་གཡོན་འདེགས་བྱས་པ་དང་། ཁྲོམ་རས་གནད་ལ་འཁེལ་བའི་སྒོ་ནས་དགོས་མཁོ་དམ་འཛིན་བྱས་ཏེ་ཁེ་ལས་ཀྱི་བཀོད་པ་ལེགས་སྒྲིག་དང་སྣ་མང་ཕྱིར་ཚོང་ཐབས་ལམ་རྒྱ་སྐྱེད་གཏོང་རྒྱུར་ཁྲིད་སྟོན་བྱས་ནས་ཁྱད་ལྡན་ཐོན་ཟོག་གཞི་ཁྱོན་ཅན་དང་སྤུས་རྟགས་ཅན་དུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ཐོག་བོད་ཀྱི་ཁྱད་ལྡན་ཐོན་ལས་ལ་གསོན་ཤུགས་འཕེལ་བར་བྱས་ཡོད།

    ཕན་ནུས་ལྡན་པའི་ཁྲོམ་ར་དང་བྱས་པ་ཅན་གྱི་སྲིད་གཞུང་ཟུང་འབྲེལ་མཐའ་འཁྱོངས་བྱས་ནས་བོད་འཕེལ་རྒྱས་ཀྱི་ལམ་ལུགས་མ་ལག་ལེགས་སུ་གཏོང་རྒྱུ་དེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལྡོག་མེད་ཐབས་ལམ་ཡིན། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཁྲོམ་རའི་གསོན་ཤུགས་དང་སྲིད་གཞུང་གི་ཕན་ནུས་འདོན་སྤེལ་གང་ལེགས་དང་འཕེལ་རྒྱས་ཀྱི་མཉམ་ཤུགས་ཆེན་པོ་གཅིག་སྡུད་བྱས་ཚེ་གཞི་ནས་བོད་ཀྱི་དཔལ་འབྱོར་དར་རྒྱས་དང་། སྤྱི་ཚོགས་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། སྐྱེ་ཁམས་བཟང་པོ་བཅས་ཀྱི་མཛེས་སྡུག་ལྡན་པའི་རེ་འདུན་མངོན་འགྱུར་བྱེད་ཐུབ། འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས། དེ་གཉིས་པོའི་མཐུན་སྦྱོར་ལམ་སྲོལ་རྒྱུན་མཐུད་འཐུས་སྒོ་ཚང་དུ་ཕྱིན་པ་དང་ཆབས་ཅིག་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཡངས་པའི་རྒྱང་ལམ་དུ་བོད་ལ་དེ་བས་བཀྲག་མདངས་འཚེར་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ངོ་མཚར་ཆེ་བའི་རྒྱུགས་ལན་འབུལ་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།